ཝང་ཡང་གློ་བུར་དུ་བོད་ལ་ཡོང་སྟེ་ཁ་བྲལ་ལ་ངོ་རྒོལ་བྱོས་ཟེར།  

འདི་ལོ་ཡང་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཝང་ཡང་ཟེར་བ་བོད་ཀྱི་རྒྱལ་བ་ལྷ་སར་ཡོང་སྟེ་བོད་ཀྱི་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་དང་ཁ་བྲལ་ལ་ངོ་རྒོལ་གྱིས་བོད་ཡུན་རིང་བདེ་འཁོད་དགོས་སྐོར་སྐུལ་མ་བཏང་།

ཁ་སང་ཕྱི་ཚེས་ ༨ ཉིན། རྒྱ་ནག་དབུས་རླུང་འཕྲིན་ཁང་ཟེར་བའི་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཁྲིད་ཝང་ཡང་ཟེར་བ། གློ་བུར་བོད་ནང་ཡོང་སྟེ་ལྷ་ས་དང་གཞིས་རྩེ་སོགས་སུ་ཡུལ་གཞན་གནས་སྤོས་དབུལ་སྐྱོར་གྲོང་གསར་ཟེར་བ་དང་། གྲོང་གསེབ་དང་འབྲོག་ཁུལ། ཐོན་ལས་གླིང་ཁུལ། དགོན་སྡེ་སོགས་སུ་ལྟ་སྐོར་དང་བརྟག་ཞིབ་བྱས་ཏེ། འཛམ་གླིང་ཐོག་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པ་དང་བསྟུན། བོད་ཀྱི་ལས་དོན་ལ་ཚད་མཐོའི་ཞིབ་ལྟ་དང་འཆར་འགོད་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་སྐོར་བརྗོད།

ས་གནས་ཀྱི་ཚོགས་འདུའི་ཐོག་ཝང་ཡང་གིས། ཀྲུང་ཧྭ་བསྐྱར་དར་ཆེན་མོའི་འཐབ་ཇུས་ཀྱི་སྤྱི་ཡོངས་གནས་བབ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཕུགས་ཕན་གྱི་འཐབ་ཇུས་མང་ཙམ་འདོན་པ་དང་། ཉེན་ཁ་དང་འགྲན་རྩོད་ཆེ་གྲས་སྔོན་འགོག་དང་སེལ་ཐབས་མཐའ་གཅིག་ཏུ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་གཏིང་དགོས། མི་རིགས་ཆོས་ལུགས་ལས་དོན་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པ། དགོན་པ་དང་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་དོ་དམ་བྱེད་པ། སེར་སྐྱ་མང་ཚོགས་ལ་རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་ཆེ་བ་དང་། ཆོས་དད་མང་ཚོགས་ནི་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་སྤྱི་ཚོགས་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་སྐོར་དང་། འཛམ་གླིང་ཐོག་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པ་དང་བསྟུན། བོད་ཀྱི་ལས་དོན་ལ་ཚད་མཐོའི་ཞིབ་ལྟ་དང་འཆར་འགོད་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་སྐོར་སོགས་བརྗོད་འདུག

ཝང་ཡང་ནམ་རྒྱུན་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་ཛ་དྲག་ཆེ་བའི་སྐབས་སུ་བོད་ནང་ལྟ་སྐོར་དུ་ཡོང་སྟེ། ཆོས་ལུགས་ལས་དོན་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་གཏམ་བཤད་རིམ་པར་སྤེལ་ཡོད་པ་མ་ཟད། སྔར་ལོའི་ཕྱི་ཟླ་ ༥པ་ནང་གསེར་རྟ་བླ་རུང་སྒར་གཙོ་བོར་གྱུར་བའི་དགོན་པ་དང་འབྲོག་ཁུལ་མང་པོར་བརྟག་ཞིབ་ཀྱིས། མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་དང་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོབ་བྱེད་པར་ནུས་ཤུགས་འདོན་དགོས་སྐོར་བརྗོད་པ་སོགས། ཁོས་བོད་ཁུལ་ལ་ཆེད་དམིགས་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་ངོ་རྒོལ་དགོས་པའི་གཏམ་བཤད་རིམ་པར་སྤེལ་ཡོད་པ་དང་། ཐེངས་འདིར་ཁོ་གློ་བུར་དུ་བོད་ལ་ཡོང་དགོས་པའི་དམིགས་ཡུལ་ཡང་བོད་ཕྱི་ནང་གཉིས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་མངོན་པ་དང་མི་མངོན་པའི་ཐོག་ནས་སྲུང་གཙི་ཞུ་ཡི་ཡོད་པ་དེར་འགོག་གནོན་གྱི་ཆེད་དུ་བསླེབས་པ་ཞིག་ཡིན་གཤིས་ཆེ་བ་རེད།

ཕྱི་ལོ་ ༢༠༡༨ ལོར་ཁོ་བོད་ཀྱི་རྒྱལ་ས་ལྷ་ས་དང་སེ་ར་དགོན་གྱི་གཙོས་ཉེ་འཁོར་དགོན་སྡེ་ཁག་དང་།  མང་ཚོགས། དེ་བཞིན་ཆབ་མདོ་ས་ཁུལ་བཅས་སུ་ཕྱིན་ཏེ། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་གནས་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པས། ངེས་པར་དུ་གྲ་སྒྲིག་སྤུས་གཙང་བྱས་ཏེ་ཆོས་ལུགས་ཀྱི་ལས་དོན་ཁག་གི་ཐོག་སྔར་ལྷག་གིས་དམ་དྲག་དང་དོགས་ཟོན་ཤུགས་ཆེན་དགོས་པ་དང་། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་སླད་ངེས་པར་དུ་ཁ་བྲལ་རིང་ལུགས་ཕྱོགས་ཁག་ལ་ཁ་གཏད་གཅོད་དགོས་སྐོར་བརྗོད་ཡོད་པ་དང་། སྐབས་དེར་ཁོ་བོད་ནང་ཡོང་དོན་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ཆོས་ལུགས་ལས་དོན་སྐོར་གྱི་སྒྲིག་ཁྲིམས་གསར་པ་ཞེས་པ་གཏན་འབེབ་ཆེད་ཡོང་བ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༩

Leave a Reply