སྔར་མཐོང་བ་དཀོན་པའི་༧སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་གསར་པ་ཞིག་པར་སྐྲུན་གནང་འཆར་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་ལོ་ངོ་ ༤༠ རིང་ཞབས་ཕྱི་ཞུས་མྱོང་བའི་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ནས་དེ་སྔ་མཐོང་བ་དཀོན་པའི་༧སྐུ་ཚེའི་ལོ་རྒྱུས་དཔེ་དེབ་ཅིག་པར་སྐྲུན་གནང་འཆར་འདུགདེ་རིང་རྒྱ་གར་(PTI)གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལོ་ངོ་ ༤༠ ལྷག་རིང་ཞབས་ཕྱི་ཞུས་མྱོང་བའི་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས། ལོ་ངོ་ ༥ ཡི་རིང་བྲིས་པའི་རྩོམ་ཡིག་དང་བསྡུ་སྒྲིག་བྱས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་(His Holiness The Fourteenth Dalai Lama: An Illustrated Biography)ཞེས་པའི་དཔེ་དེབ་ཅིག རྒྱ་གར་རོའོ་ལེ་(Roli Books)པར་སྐྲུན་ཁང་གིས་དཔར་སྐྲུན་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག

དེ་འབྲེལ་གནས་ཚུལ་ནང་བཀྲས་མཐོང་དགེ་བྱེད་ལགས་ཀྱིས་དཔེ་དེབ་དེའི་སྐོར་འགྲེལ་བཤད་གནང་བའི་ནང་། དཔེ་དེབ་དེ་འདས་པའི་ལོ་ངོ་ ༤༠ ལྷག་རིང་རྒྱལ་སྤྱིའི་སྟེང་འགྲུལ་བཞུད་ཀྱི་གོ་སྐབས་བྱུང་སྐབས།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་རྣམས་ལས་དེ་སྔོན་མང་པོ་ཞིག་གིས་ལོངས་སུ་སྤྱོད་མ་ཐུབ་པའི་གནས་ཚུལ་མང་པོ་ཞིག་ཡོད་པར་གཟིགས་ནས་བྲིས་པ་ཞིག་ཡིན་འདུག་ལ། དཔེ་དེབ་དེར་ཤོག་གྲངས་ ༣༥༢ ཡོད་པ་ལས་ལོ་རྒྱུས་ཀྱི་པར་རིས་དང་དེ་སྔོན་ཕྱིར་མ་ཐོན་པའི་ཡིག་ཚགས་ ༤༠༠ ལྷག་བསྡུ་སྒྲིག་གནང་ཡོད་སྐོར་གསུངས་འདུག

རོའོ་ལེ་དཔེ་སྐྲུན་ཁང་གིས་པར་རིས་དང་ཡིག་ཚགས་མཉམ་དུ་བྲིས་པའི་སྐུ་ཚེའི་ལོ་རྒྱུས་དེ་ནི་མི་རྣམས་ཀྱིས་དང་བ་ཆེན་པོས་དོ་སྣང་བྱེད་ཡུལ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དང་། དཔེ་དེབ་དེའི་ཕྱེད་ཙམ་ད་ལྟའི་དུས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་འཛམ་གླིང་གི་ཆེས་ངོས་འཛིན་ཐོབ་པའི་དབུ་འཁྲིད་ཅིག་ཡིན་ཡང་། ཁོང་ཉིད་ཀྱིས་སྲིད་ཀྱི་གོ་གནས་བཞག་སྟེ་མུ་མཐུད་འཛམ་གླིང་གི་ནང་པ་ས་ཡ་མང་པོཏ་ལམ་སྟོན་ག་འདྲ་གནང་བཞིན་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག

དཔེ་དེབ་དེ་འདི་ལོའི་ཕྱི་ཟླ་ ༡༠ ནང་པར་སྐྲུན་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་དཔེ་དེབ་དེའི་མགོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་དང་མངའ་རིས་རིན་པོ་ཆེ་མཆོག་གིས་སྔོན་གླེང་བྲིས་གནང་ཡོད་པ་དང་། སྐུ་ཚེའི་ལོ་རྒྱུས་དཔེ་དེབ་དེ་དབྱིན་ཡིག་དང་འཇར་མན།(Dutch) ཨུ་རུ་སུ། ཨི་ཊ་ལི། ཨཱི་སི་ཏོ་ནི་ཡ། ཅེཀ(Czech) ལི་ཐའོ་ནེ་ཡ(Lithuania)། སོ་ལི་ཝི་ཀི་ཡ་(Slovakia)། ཨེ་སི་ཊོ་ནཱན(Estonian)སོགས་སྐད་རིགས་མི་འདྲ་བ་བཅུ་ལྷག་ནང་འགྲེམས་སྤེལ་གནང་འཆར་ཡོད་འདུགབསྟན་འཛིན་དགེ་བྱེད་ལགས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་ལས་ཁུངས་ནང་ཕྱི་ལོ་ ༡༩༦༣ ནས་ ༢༠༠༦ བར་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ཁོང་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མཆེད་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བློ་ཐག་ཉེ་བའི་གྲོགས་པོ་ཡིན་པ་མ་ཟད། བསྟན་འཛིན་ཆོས་རྒྱལ་ལགས་ནས་ལས་འཆར་ཐོག་ལམ་སྟོན་ཡང་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་སུ། ༧གོང་ས་མཆོག་གི་སྐུ་མདུན་ནས་ལོ་མང་ཞབས་ཕྱི་ཞུས་པའི་སྐོར་ལ་བཅར་འདྲི་ཞུས་སྐབས། ཁོང་གིས། འདས་པའི་ལོ་ངོ་ ༤༠ དེར་༧གོང་ས་མཆོག་གི་མདུན་ནས་ཞབས་ཞུ་བྱས་པ་ཡིན་མོད། ལོ་ངོ་དེ་དག་གི་རིང་ང་ལ་ལས་དོན་ལེགས་འགྲུབ་ཞེས་གསལ་བོ་ཞིག་ཞུ་རྒྱུ་མེད་ན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཛིན་རྒྱས་ཐབས་དང་། ལས་དོན་ག་རེ་ཡིན་ཡང་མངོན་ལྐོག་མེད་པར་རང་དོན་སོགས་བསྒྲུབས་པ་གཏན་ནས་མེད་ཅེས་གསུངས་བྱུང།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༠༩

Leave a Reply