བོད་ཕྲུག་ཚོས་དམིགས་ཡུལ་གཅིག་ཙམ་མིན་པར་གཉིས་གསུམ་རེ་འཛིན་རྒྱུ་གལ་ཆེ།

འཛིན་རིམ་བཅུ་གཉིས་ཀྱི་སློབ་མའི་དྲ་ཐོག་ཚོགས་འདུའི་སྐབས་ཤེས་རིག་ལས་ཁུངས་ནས་དྲ་ཐོག་སློབ་ཁྲིད་གོ་སྒྲིག་གནང་ཡོད་ཀྱང་དྲ་ལམ་མེད་པའི་མཐའ་མཚམས་ཁུལ་གྱི་སློབ་ཕྲུག་ཚོའི་དཀའ་ངལ་སེལ་ཐབས་ཡོད་མེད་བཀའ་འདྲི་ཞུས་སོང་།དེ་རིང་སྔ་དྲོར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྲ་ལམ་ཐད་གཏོང་བརྒྱུད་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་འཐུས་ཚབ་ཁག་ཅིག་དང་ལྷན་དུ་ཚོགས་འདུ་ཚོགས་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་དང་ཤེས་རིག་བཀའ་བློན་མཆོག་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཚོས་དམིགས་ཡུལ་འཛིན་སྐབས་མ་འོངས་ལོ་ལྔའི་རྗེས་སུ་འཛམ་གླིང་ལ་འགྱུར་བ་ག་རེ་ཐེབས་ཀྱི་ཡོད་པ་དང་བོད་པའི་སྤྱི་ཚོགས་ནང་ག་རེ་དགོས་མཁོ་ཆེ་བ་སོགས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་གཉིས་གསུམ་འཛིན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྐབས་དེར་དྲ་ལམ་ཚོགས་འདུའི་དགོས་དམིགས་སྐོར་ལ་སྲིད་སྐྱོང་མཆོག་གིས།  ནད་ཡམས་ཀྱི་རྐྱེན་པས། རྒྱ་གར་རྒྱལ་ཡོངས་སྒོ་བརྒྱབ་པ་དང་སློབ་གྲྭ་ཁག་ཚང་མ་སྒོ་བརྒྱབ་ཡོང་དུས། སློབ་ཕྲུག་ཚང་མ་གཞིས་ཆགས་ཁག་དང་ཁ་ཤས་སློབ་གྲྭར་ལྷག་པ་དང་། འགའ་ཤས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ལུས་པ་སོགས་བྱུང་ཡོད་སྟབས། ཤེས་ཡོན་ཐོག་ནས་ག་འདྲ་ཆགས་ཡོང་བསམ་ནས་སེམས་ཁྲལ་ཞེ་དྲགས་བྱུང་སོང་། ཡིན་ན་ཡང་ཤེས་རིག་ལས་ཁུངས་ནས་རྐང་འགན་བཞེས་ཏེ་ཕྱག་ལས་ཡག་པོ་ཞེ་དྲགས་གནང་ཡོད་པ་རེད། དང་པོ་ནས་འཛིན་རིམ་བཅུ་གཉིས་པའི་སློབ་ཚན་ཆ་ཚང་དྲ་རྒྱ་བརྒྱུད་ཐད་གཏོང་རྒྱང་སྲིང་བྱས་ཏེ་གཟིགས་རྒྱུ་ཡོད་པ་དང་།  སློབ་སྦྱོང་ག་རེ་གནང་དགོས་པ་ཆ་ཚང་ང་ཚོའི་བོད་ཀྱི་བརྙན་འཕྲིན་བརྒྱུད་བཏང་ཡོད་པ་རེད། དེར་བརྟེན། ཕྱོགས་གཅིག་ནས་རྣམ་པ་ཚོ་གོ་སྐབས་བཟང་པོ་རེད། ང་ཚོའི་སྐབས་སུ་འཛིན་གྲྭའི་ནང་དགེ་རྒན་ཡག་པོ་ཞིག་འཁེལ་བ་ཡིན་ན་རླུང་རྟ་རྒྱུགས་པ་རེད། དགེ་རྒན་སྐྱོ་བོ་ཞིག་འཁེལ་བ་ཡིན་ན་སློབ་ཚན་ཡང་སྐྱོ་རུ་འགྲོ་ཡི་ཡོད། དེ་འདྲ་ཡིན་དུས། ད་རེས་ཤེས་རིག་ལས་ཁུངས་ནས་མཐུན་རྐྱེན་ཡག་པོ་སྦྱར་ཡོད་སྟབས་སློབ་སྦྱོང་ལ་འཐུས་ཤོར་འགྲོ་ཡི་མ་རེད་བསམ་པ་ཞིག་འདུག ཅེས་དང་། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས། ད་ལྟ་འཛམ་གླིང་མི་མང་ནས་འཕྲོད་བསྟེན་ཐོག་དོ་སྣང་ཤུགས་ཆེན་བསླེབས་ཡོད་པ་དང་། མཐོ་སློབ་འགྲིམས་མཁན་དང་འཛིན་རིམ་བཅུ་གཉིས་གསར་པ་འདོན་མཁན་ཚོས་འགྲོ་སྟངས་ཐོག་ནས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་སློབ་སྦྱོང་བྱས་ན་ཡག་པོ་ཡོད་པ་དང་། ཁྱིམ་སྡོད་བཀའ་རྒྱའི་སྐབས་གོ་སྐབས་དམ་འཛིན་གྱིས་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་དང་།  སློབ་སྦྱོང་བྱེད་པར་བརྩོན་འགྲུས་དང་སེམས་ཤུགས་དགོས་པ་དང་། ད་ལྟའི་སྐབས་འདིར་དྲ་ལམ་བརྒྱུད་ཚོགས་འདུ་ཚོགས་དགོས་བྱུང་གི་ཡོད་པ་དང་། མ་འོངས་པར་མུ་མཐུད་སློབ་ཕྲུག་ཚོ་དང་ལྷན་དུ་དྲ་ལམ་ཚོགས་འདུའི་རིགས་ཡོང་སྲིད་པ་དང་། སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་གང་མང་བྱུང་ཐུབ་པའི་རེ་བ་ཡོད་སྐོར་སོགས་གསུངས་སོང་།དེ་རྗེས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་སྐབས། རྣམ་པ་ཚོ་འཛིན་རིམ་བཅུ་གཉིས་ལ་བསླེབས་པ་དང་། མཐོ་སློབ་འགྲིམས་ཏེ་མ་འོངས་པའི་དམིགས་ཡུལ་འདེམས་དགོས་པའི་དུས་ཚོད་ཅིག་ལ་བསླེབས་ཡོད། དམིགས་ཡུལ་འཛིན་པའི་སྐབས་ལ་དམིགས་ཡུལ་རྒྱ་ཆེ་ས་ནས་བཟུང་ན་ཡག་པོ་ཡོད་པ་རེད་བསམ་གྱི་ཡོད། གོང་དུ་སྲིད་སྐྱོང་མཆོག་ནས་གསུངས་པ་ལྟར། དམིགས་ཡུལ་འཛིན་སྐབས་མ་འོངས་ལོ་ལྔའི་རྗེས་སུ་འཛམ་གླིང་ལ་འགྱུར་བ་ག་རེ་ཐེབས་ཀྱི་ཡོད་པ་དང་བོད་པའི་སྤྱི་ཚོགས་ནང་ག་རེ་དགོས་མཁོ་ཆེ་བ་སོགས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་འཛིན་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། དམིགས་ཡུལ་ཡིན་ཡང་གཅིག་རང་བཟུང་སྟེ་མགོ་འཐོམ་མ་བསྡད་པར་དམིགས་ཡུལ་གསུམ་བཞི་ཞིག་བང་སྒྲིག་སྟེ་གཅིག་མ་འགྲིག་ན་གཉིས་པ་དེ་འགྲུབ་ཐུབ་པ་བྱ་རྒྱུ་ཡིན་བསམ་པ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་དང་། ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཚོའི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཆེད་དུ། འཛིན་རིམ་དང་པོ་ནས་ལྔ་བར་གྱི་སློབ་མ་ཚོར་བོད་ཡིག་དྲ་རྒྱ་ཞེས་པའི་སྟེང་སློབ་ཚན་ཆ་ཚང་བཞག་ཡོད་པ་དང་། གཞི་རིམ་བར་མ་དང་གོང་མའི་སློབ་ཕྲུག་ཚོའི་ཆེད་དུ་བོད་ཀྱི་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་ད་སྔ་བར་སློབ་འཁྲིད་ཀྱི་བརྙན་ ༤༠༠ མ་ཟིན་ཙམ་སྤེལ་ཡོད་སྐོར་དང་། གཙོ་བོ་ཕ་མ་ཚོས་འགན་འཁུར་ཏེ་ཤེས་རིག་ལས་ཁུངས་ཀྱིས་མཐུན་སྦྱོར་གནང་བའི་དྲ་ལམ་སློབ་ཚན་ཁག་རང་ཁྱིམ་དུ་ཕྲུ་གུར་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་གལ་ཆེན་ཡིན་པ་དང་། སློབ་མའི་ངོས་ནས་དྲ་རྒྱ་དེ་སློབ་སྦྱོང་ཆེད་བེད་སྤྱོད་མང་ཙམ་གཏོང་རྒྱུ་གལ་ཆེན་ཡིན་སྐོར། དེ་བཞིན། སློབ་མ་ཚོ་འཛིན་རིམ་ཡར་མཐོ་རུ་བསླེབ་པ་དང་འཛིན་རིམ་བཅུ་བ་དང་བཅུ་གཉིས་པའི་སློབ་མ་ཚོས་དམའ་མཐར་ཡང་སྐད་ཡིག་གཉིས་མཁྱེན་དགོས་ཀྱི་ཡོད་པ་དང་། སྐད་ཡིག་གཉིས་ལ་རང་མགོ་ཐོན་པ་ཡིན་ན་སློབ་ཚན་ཚང་མ་རང་ཁྱིམ་ནས་རང་སྦྱོང་བྱེད་པར་དཀའ་ངལ་གང་ཡང་མེད་སྐོར་སོགས་གསུངས་སོང་།སློབ་ཕྲུག་རྣམས་ཀྱི་དྲི་བ་དྲིས་ལན་སྐབས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་ཟླ་བ་ལགས་ཀྱིས། ད་ལྟ་སློབ་ཚན་ཚང་མ་དྲ་ལམ་བརྒྱུད་ནས་སློབ་འཁྲིད་བྱེད་ཀྱི་ཡོད་པ་དང་དྲ་ལམ་མེད་པའི་མཐའ་མཚམས་ཁག་གི་སློབ་མ་ཚོའི་དཀའ་ངལ་ཇི་ལྟར་སེལ་དགོས་པ་དང་། དྲ་ལམ་སློབ་འཁྲིད་ནི་ནམ་རྒྱུན་དགེ་རྒན་གྱི་རོགས་སྐྱོར་འོག་འཛིན་གྲྭའི་ནང་སློབ་འཁྲིད་བྱས་པ་དང་གཏན་ནས་མི་འདྲ་བ་དང་སློབ་གསོའི་སྤུས་ཚད་ལའང་ཁྱད་པར་ཤུགས་ཆེན་པོའགྲོ་ཡི་ཡོད་སྟབས། དཀའ་ངལ་དེ་ཇི་ལྟར་སེལ་ཐབས་ཡོད་སྐོར་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས། ང་ཚོ་ཤེས་རིག་ལས་ཁུངས་ངོས་ནས་དྲ་ཐོག་བརྒྱུད་ཤེས་ཡོན་གྱི་རྒྱུ་ཆ་གྲ་སྒྲིག་བྱས་ཡོད། འོན་ཀྱང་། ང་ཚོའི་སེམས་འཚབ་ཆེ་ཤོས་ཀྱང་མཐའ་མཚམས་ཁག་དང་ས་ཆ་ཁུག་ཀྱོག་ཏུ་ཡོད་པའི་སློབ་མ་ཚོ་ཆགས་ཀྱི་ཡོད། ང་ཚོས་དྲ་ཐོག་ཤེས་ཡོན་རྒྱུ་ཆ་གྲ་སྒྲིག་བྱེད་སྐབས། རྒྱུ་ཆ་དེ་དག་གིས་མ་འོངས་པར་སློབ་ཕྲུག་མང་པོར་ཕན་ཐོགས་ཀྱི་རེད་བསམ་སོང་། འོན་ཀྱང་། མཐའ་མཚམས་ཁག་ཏུ་ཡོད་པའི་ཉམ་ཐག་ཁྱིམ་ཚང་གི་བུ་གུ་ཚོར་ཁ་པར་མེད་པ་དང་ང་ཚོའི་དྲ་ཐོག་ཤེས་ཡོན་གྱི་རྒྱུ་ཆ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་པའི་སྐོར་ལ་གྲོས་བསྡུར་རིམ་པ་བྱུང་ཡོད། སྤྱིར་བཏང་ང་ཚོ་བོད་མི་ཚོའི་གནས་བབ་ལ་བལྟས་པ་ཡིན་ན། བརྒྱ་ཆ་བརྒྱ་ལབ་ཐུབ་ཀྱི་མི་འདུག་སྟེ། ཁྱིམ་ཚང་གཅིག་ལ་ཁ་པར་མེད་མཁན་དེ་འདྲ་ཡོད་རྒྱུ་རེད་བསམ་གྱི་མི་འདུག འོན་ཀྱང་། ང་ཚོས་ད་ལྟ་སློབ་ཕྲུག་ཚོས་དྲ་ཐོག་ཤེས་ཡོན་གྱི་རྒྱུ་ཆ་དེ་དག་བེད་སྤྱོད་ག་ཚོད་ཅིག་གཏོང་ཐུབ་ཀྱི་ཡོད་པ་དང་དྲ་རྒྱ་དང་ཁ་པར་མེད་པའི་སློབ་ཕྲུག་ཚོའི་གནས་སྟངས་ཐོག་བསམ་བློ་གཏོང་གི་ཡོད། ཅེས་གསུངས་སོང་།

ཚོགས་འདུར་མཉམ་ཞུགས་གནང་མཁན་རྡོ་རྗེ་གླིང་གཏན་སློབ་ཀྱི་སློབ་མ་པདྨ་བསྟན་འཛིན་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་ཏོག་དབྱིབས་གཉན་རིམས་རྐྱེན་པས་བོད་པའི་སུད་ཚོང་བ་ཚོར་དཀའ་ངལ་འཕྲད་བཞིན་པའི་ཐད་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་རོགས་རམ་ག་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ད་བར་བཀའ་ཤག་རང་གི་མ་དངུལ་ནས་བོད་མི་ཚོང་པ་དང་མི་མང་དཀྱུས་མ་ ༢༠༠༠ མ་ཟིན་ཙམ་ལ་ཁང་གླའི་ཆེད་ཁྱོན་ཧིན་སྒོར་འབུམ་ ༡༠༠ བཏང་ཡོད་ཅིང་། སུད་ཚོང་བ་ཚོར་དེ་ཙམ་བྱེད་ཐབས་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༡ ནང་ནད་ཡམས་ཀྱི་ཉེན་ཚབས་མེད་པའི་ས་ཁུལ་ཁག་ཏུ་སུད་ཚོང་གཉེར་ཐུབ་ཚེ། བོད་མི་དེ་དག་ལ་སྐྱེད་ཀ་མེད་པའི་ཐོག་ནས་བུ་ལོན་གཡར་རྒྱུ་ཡིན་པ་དང་། དེ་མིན་སུད་ཚོང་གཉེར་མི་ཐུབ་མཁན་ཁྲོད་ནས་ཀྱང་ལྟོ་གོས་ཐད་དཀའ་ངལ་ཡོད་མཁན་ཚོར་སྐམ་ཟས་ཀྱིས་མཚོན་པའི་འཚོ་སྣོན་གྱི་རོགས་རམ་གནང་རྒྱུ་ཡིན་པ་མ་ཟད། སློབ་གྲྭའི་སློབ་ཕྲུག་གི་སློབ་ཡོན་ཐད་ལ་བསམ་གཞིག་གནང་རྒྱུ་ཡིན་སྐོར་བཀའ་ལན་གནང་སོང་།

དེ་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་བོད་དོན་ལ་རྒྱལ་སྐྱོར་ག་ཚོད་ཅིག་ཐོབ་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་མེད་པར་བཟོ་བཞིན་ཡོད་པ་དང་། བོད་པའི་འཐབ་རྩོད་ཀྱི་སྲིད་བྱུས་དབུ་ལམ་ནི་ཧོང་ཀོང་གི་སྲིད་བྱུས་ལྟ་བུ་ཆགས་བསྡད་ཡོད་སྟབས། མ་འོངས་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་སྲིད་དམ་ཞེས་དྲིས་པར་སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་གི་མཛད་འཕྲིན་ག་ཚོད་ཅིག་གིས་འཛམ་གླིང་ནང་འཕེལ་ཐུབ་པ་ཡིན་ན། དེ་ཚོད་ཀྱིས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་ཆེན་པོ་ཡིན་པ་རང་བཞིན་གྱིས་མིས་རྟོགས་ཐུབ་ཀྱི་ཡོད་པ་རེད་ལ། དེ་ལ་བརྟེན་ནས་བོད་དོན་ལ་ཤ་ཞེན་དང་རྒྱབ་སྐྱོར་ཡོང་གི་ཡོད། སྔོན་མ་ཕྱི་ལོ་ ༢༠༡༡ ལོར་ཧ་ཝ་ཌི་ཚོང་དོན་སློབ་གྲྭར་ང་ལ་གྲོགས་པོ་ཞིག་ཡོད། ཁོ་རང་གིས་དྲ་རྒྱ་བརྒྱུད་འཛམ་གླིང་ནང་ལོ་ ༡༠༠ ནང་གནས་ཚུལ་ག་རེ་འཐོན་གྱི་ཡོད་པ་དང་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྱུར་གྱི་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་པ་རེད། ཁོས་གནས་ཚུལ་མང་པོ་ཞིག་བསྡུ་དགོས་ཀྱི་ཡོད་དུས་གཟའ་འཇུག་ཅིག་ལ་ཞིབ་འཇུག་བྱས་པ་ཡིན་ལབ་པ་རེད། ། ད་གང་ལྟར་མཐའ་མ་དེར་ཁོ་རང་གིས་སྡོམ་ག་རེ་བརྒྱབ་པ་རེད་ལབ་ན། གཅིག་ནས་བཅུ་ཡོད་ཚེ། ༧གོང་ས་མཆོག་བཅུ་ཆགས་ཀྱི་ཡོད་པ་དང་བོད་དེ་དགུ་ཆགས་ཀྱི་འདུག་ལབ་པ་རེད། བོད་མིའི་སྒྲིག་འཛུགས་མཐོང་རྒྱུ་མེད་པ་དང་དབུ་མའི་ལམ་ཡང་དེ་ཙམ་མཐོང་རྒྱུ་མི་འདུག་ལབ་པ་རེད། གཙོ་བོ་ཁོ་རང་གིས་ག་རེ་ལབ་ཀྱི་ཡོད་པ་རེད་ཟེར་ན། ༧གོང་ས་མཆོག་གི་མཛད་འཕྲིན་ག་ཚོད་ཅིག་གིས་རྒྱས་པ་བྱུང་བ་ལ་བརྟེན་ནས་བོད་དེ་མཉམ་དུ་ཁྱབ་བསྒྲགས་ཡོང་གི་འདུག་ཟེར་གྱི་ཡོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྦྱོད་དེ་འཛམ་གླིང་རྒྱལ་ཁབ་ ༣༥ ཁྱབ་ཡོད་པ་དང་སློབ་ཕྲུག་ས་ཡ་མང་པོ་ཡོད། ཅེས་དང་། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་བྱུང་བ་བརྒྱུད་བོད་དོན་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་གི་ཡོད་པ་མ་ཟད། ཁོ་ཚོས་བོད་དོན་རྒྱབ་སྐྱོར་གནང་ཡུན་རིང་པོ་དང་བརྟན་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༠༩

Leave a Reply