ཤིན་ཅང་གི་དམར་ཤོག་དཔོན་རིགས་བཞི་ལ་དཔལ་འབྱོར་ཉེས་ཆད་ཕོག

བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཟུར་པ་དང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལས་ཐོག་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་སོགས་ལ་དཔལ་འབྱོར་ཉེས་ཆད་ཆེན་པོ་བཅད་འདུགག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ།  ཆབ་སྲིད་བསྒྱུར་བཀོད་ཁང་ཟེར་བ་ཆེད་འཛུགས་བྱས་ཏེ། ཡུ་གུར་མི་མང་ཁྲི་ཕྲག་མང་པོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་བཀག་ཉར་དང་། ཆོས་དད་རང་དབང་དང་སྐྱེ་སྒོ་སོགས་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པར་བརྟེན། ཁ་སང་ཨ་རིའི་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་(Chen Quanguo)གཙོ་བོར་གྱུར་བའི་ཁུལ་དེའི་མི་དམངས་བདེ་འཇགས་དོ་དམ་ཁང་གི་འགན་འཛིན་ཝང་མེན་ཧྲན་(Wang Mingshan)དང་། དམར་ཤོག་འཐུས་མི་རྒན་པ་ཀྲུ་ཧེ་ལིན་ (Zhu Hailun)། དེ་བཞིན། དམར་ཤོག་ཚོགས་པའི་བདེ་དོན་ལས་བྱེད་ཟུར་པ་ཧའོ་ལུའུ་ཅིན་(Huo Liujun)བཅས་ལ་ཨ་རིའི་ནང་ཡོད་པའི་སྒེར་གྱི་རྒྱུ་དངོས་ཡོངས་རྫོགས་གཞུང་བཞེས་བཏང་བ་དང་། ཕྱིན་ཆད་དངུལ་དངོས་གཏོང་ལེན་བྱེད་མི་ཆོག་པ། ཧྲའོ་ལཱོ་ཅོན་(Huo Liujun)ཕུད་པའི་གཞན་བཞི་ཨ་རིར་ཡོང་བར་ཐོངས་མཆན་བཀག་སྡོམ་བཅས་བྱེད་པའི་ཐག་གཅོད་གནང་ཡོད་པ་བསྒྲགས་འདུག

ཉེས་ཆད་པའི་ཁྲིན་ཆན་གོ་ནི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་དང་ཨ་རིའི་ཉེས་ཆད་ཕོག་པའི་རྒྱ་ནག་གི་མགོ་འཁྲིད་མཐོ་ཤོས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཁོས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེའི་ལས་འགན་འཁུར་སྐབས། བོད་ནང་དྲག་གནོན་ཚབས་ཆེན་བྱས་པ་དང་༧གོང་ས་མཆོག་ལ་མཚན་སྨད་བསྟུད་མར་ཞུས་པ་སོགས་ཀྱིས། བོད་ནང་བོད་མི་རང་ལུས་མེར་སྲེག་གནང་མཁན་མང་ཤོས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ནས་ཞིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་དམག་ཤོག་དྲུང་ཆེ་བྱས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་དང་ཁ་ཛ་ཁི་སི་(Kazakhs)གྲངས་ཉུང་མི་རིགས་དང་། ཤིན་ཅང་ཁུལ་གྱི་གྲངས་ཉུང་མི་རིགས་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་ཨ་རིར་འགུལ་སྐྱོད་གང་ཡང་མེད་པར་འདུག་གི་མེད། ཅེས་གསུངས་ཡོད་པ་དང་། ཨ་རིས་ད་དུང་མིང་འདོན་བྱས་མེད་པའི་ཤིན་ཅང་ཁུལ་གྱི་དམར་ཤོག་མགོ་འཁྲིད་དང་ཁོ་ཚོའི་ནང་མི་རྣམས་ཀྱི་འགྲིམ་འགྲུལ་ཐོངས་མཆན་བཀག་སྡོམ་བྱེད་རྩིས་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཏན་འབེབ་བྱས་ཏེ། ལོ་གཅིག་དང་ཕྱེད་ཀ་ལྷག་འགོར་རྗེས། ཨ་རིའི་གཞུང་འབྲེལ་མི་སྣ་དང་རང་དབང་ལྡན་པའི་གསར་འགོད་པ་སོགས་བོད་ནང་བསྐྱོད་རྒྱུ་བཀག་འགོག་བྱེད་མཁན་དང་། མིང་འདོན་བྱས་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཁག་ཅིག་ལ་དངོས་སུ་ཐོངས་མཆན་བཀག་འགོག་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་ཡིན་པའི་བོད་ཀྱི་ཁོར་ཡུག་གཏོར་བརླག་གཏོང་གི་ཡོད་སྟབས། བོད་ནང་འགྲོ་འོང་འདྲ་མཉམ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས་ཡོད་པ་རེད།

ཨ་རིས་བོད་དང་ཤིན་ཅང་ཁུལ་གྱི་གནད་དོན་དང་འབྲེལ་རྒྱ་ནག་གི་ལས་བྱེད་ཚོར་ཉེས་ཆད་གཅོད་རྒྱུ་ནི། ཨ་རྒྱ་གཉིས་བར་ཏོག་དབྱིབས་གཉན་རིམས་གཙོས་པའི་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་བྱས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཞིང་། ཉེ་སྔོན་ཕྱི་ཚེས་ ༨ ཉིན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་ནི་ཨ་རིར་ཆེས་ཉེན་ཁ་ཆེ་བ་དེ་ཡིན་སྐོར་བསྒྲགས་ཡོད་པ་རེད།

འདས་ལོར་བྷི་བྷི་སི་གསར་ཁང་ལ་རྒྱ་ནག་གིས་ཤིན་ཅང་གི་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བའི་ནང་བདུན་ཕྲག་གཅིག་གི་ནང་ཚུད་དུ་ཡུ་གུར་མི་མང་ཁྱོན་ ༡༥༠༠ འཇུག་གི་ཡོད་པའི་གསང་བའི་གནས་ཚུལ་རག་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་གིས། ཤིན་ཅང་ཁུལ་གྱི་སློབ་གསོ་བསྒྱུར་བཀོད་ཁང་དུ་རྒྱ་ནག་གིས་ཡུ་གུར་མི་མང་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཉེ་སྔོན་ཕྱི་ཚེས་ ༢ ཉིན་ཨ་རིའི་གཞུང་གིས། ཤིན་ཅང་ཁུལ་ནས་ནང་འདྲེན་བྱས་པའི་སྐྲ་རྫུན་གྱི་ཐོན་རྫས་འབོར་ཆེན་ཞིག་ཨ་རིའི་ཁྲོམ་རའི་ནང་བཙོང་རྒྱུ་བཀག་འགོག་བྱས་ཏེ། སྐྲ་རྫུན་དེ་དག་བཀག་ཉར་འོག་ཡོད་པའི་ཤིན་ཅང་གི་སློབ་གསོ་བསྒྱུར་བཀོད་ཁང་དུ་ཡུ་གུར་ངལ་སྩོལ་མི་མང་ལ་བཟོ་རུ་བཅུག་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཉེ་སྔོན་ཕྱི་ཟླ་ ༦  ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་ཁ་ཆེ་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱ་ནག་གིས་ཁུལ་དེར་ཆབ་སྲིད་ཀྱི་གཉའ་གནོན་མཚམས་འཇོག་བྱེད་ཐབས་ཀྱི་ཁྲིམས་འཆར་(The Uighur Human Rights Act)ལ་དངོས་སུ་མཚན་རྟགས་བསྐྱོན་ཏེ་ཁྲིམས་ལ་བསྒྱུར་ཡོད་པ་དང་། ཟླ་སྔོན་མའི་ནང་རྒྱ་ནག་ཐོག་ཆེད་མཁས་པ་ཨ་ཌི་རན་རྫན་རྫི་(Adrian Zenz)ལགས་ཀྱིས། རྒྱ་ནག་གིས་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བའི་བུད་མེད་ཚོར་བཙན་གྱིས་སྐྱེ་སྒོ་འགོག་པ་དང་ཡང་ན་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་སྐྱེ་སྒོ་འགོག་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྟབས། གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ནས་ཞིབ་འཇུག་གནང་བའི་འབོད་སྐུལ་ཤུགས་ཆེན་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༡༠

Leave a Reply