རོགས་དངུལ་ཁྲོད་སྒོར་འབུམ་དྲུག་སྐད་ཡིག་ཡར་རྒྱས་ཆེད་གཏོང་རྒྱུ།

སྲིད་སྐྱོང་མཆོག་གིས་ཨ་རི་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་ཚོགས་བརྒྱུད་མ་དགོས་པར་རོགས་དངུལ་ཐད་ཀར་སྤྲད་པ་ནི་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༩ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐར་རྡོར་ལགས་བཅས་ནས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རི་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་སུ་རོགས་ཚོགས་བརྒྱུད་མ་དགོས་པར་ཐད་ཀར་རོགས་དངུལ་ཨ་སྒོར་ ༩༩༧༡༢༤ སྤྲོད་གཏན་འཁེལ་ཡོད་དང་། རོགས་དངུལ་ནང་དུ་སྒོར་འབུམ་ ༦ བོད་མིའི་སྐད་ཡིག་ཡར་རྒྱས་ཡོང་ཐབས་སུ་གཏོང་རྒྱུ་དང་། གཞན་རྣམས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་ལས་གཞིའི་ཐད་གཏོང་རྒྱུ་ཡིན་སྐོར་བསྒྲགས་སོང་།

ཨ་རིའི་རོགས་དངུལ་དང་འབྲེལ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། ད་ལམ་གཏམ་བཟང་ཞིག་ལ་ཨ་རི་གཞུང་ནས་ཨ་རིའི་རོགས་ཚོགས་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་དེ་ཐད་ཀར་གནང་རྒྱུ་ཞིག་ཆགས་ཡོད་པ་རེད། དེར་རྒྱུ་མཚན་ཁ་ཤས་ཤིག་ཡོད་པ་དང་། དང་པོ་ནི། ཨ་རི་གཞུང་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་དངུལ་ཐད་ཀར་གནང་གི་ཡོད་པ་རེད། གཉིས་པ་དེ་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞེ་དྲགས་རེད། གང་ཡིན་ཟེར་ན་གཞི་རྩའི་ཨ་རིའི་གཞུང་ནས་གཞུང་གཞན་ལ་ཐད་ཀར་དངུལ་མང་པོ་ཞིག་གནང་གི་ཡོད་པ་རེད། སྔོན་མ་འཕྲོད་བསྟེན་ལས་ཁུངས་ལ་དངུལ་ཉུང་ཤས་ཤིག་རག་ཡོད་པ་ལས་བོད་མིའི་སྒྲིག་འཛུགས་ལ་དངུལ་ཐད་ཀར་རག་མེད་པ་རེད། ད་ལན་གཞུང་ཞིག་གི་ཡན་ལག་ཞིག་ནས་གཞུང་གཞན་གྱི་ཡན་ལག་ལ་ཐད་ཀར་དངུལ་སྤྲོད་པ་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་གནད་འགག་ཆེན་པོ་ཞེ་པོ་རེད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་ནས། གཙོ་ཆེ་ཤོས་ཨ་རི་གཞུང་ནས་ཨ་རིའི་རོགས་ཚོགས་བརྒྱུད་གཞུང་གཞན་ལ་དངུལ་མང་པོ་ཞིག་གནང་གི་ཡོད་པ་རེད། དངུལ་གནང་ཡ་དེར་ཞིབ་འཇུག་མང་པོ་ཞིག་བྱས་ཏེ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་འབྲེལ་བ་ཆགས་བསྡད་ཡོད་པ་རེད། དེ་ལ་ནུས་པ་དང་ལས་བྱེད། འཇོན་ཐང་དང་ཚགས་ཚུད་ཡོད་མེད་སོགས་ཚང་མར་ཞིབ་འཇུག་བྱས་ཐོག མཐའ་མར་དེར་ཚགས་ཚུད་པོ་འདུག དངུལ་སྤྲད་པ་ཡིན་ན་གཞུང་གཞན་དང་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་བཞིན་དངུལ་བགོ་འགྲེམས་བྱེད་ཐུབ་པ་དང་དངུལ་ཉར་དང་ལག་བསྟར། བགོ་འགྲེམས་སོགས་ཕྱི་གསལ་ནང་གསལ་བྱེད་ཐུབ་པ་འདུག ཅེས་དངུལ་སྤྲོད་ཀྱི་ཡོད་པ་རེད། དེ་ཡིས་ག་རེ་སྟོན་གྱི་ཡོད་པ་རེད་ལབ་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཀྱིས་འགན་འཁུར་ཐུབ་ཀྱི་ཡོད་པ་དང་ཕྱག་ལས་གནང་ཐུབ་ཀྱི་ཡོད་པ་སྟོན་གྱི་ཡོད་པས། དེ་གནད་འགག་ཆེན་པོ་རེད། དེ་བས་དཔལ་འབྱོར་ལས་ཁུངས་ཀྱི་གཙོས་ས་གནས་མགོ་འཛིན་གྱིས་ང་ཚོས་རེ་བ་བྱས་པ་བཞིན་ལག་བསྟར་བྱས་པར་གྲུབ་འབྲས་ཆེན་པོ་ཞེ་བོ་རེད། ཅེས་གསུངས་འདུག 

དེ་བཞིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས། ད་ཐེངས་བོད་མིའི་སྒྲིག་འཛུག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ལ་ཨ་རིའི་གཞུང་གི་རོགས་དངུལ་བརྒྱུད་ནས་ཨ་སྒོར་ས་ཡ་གཅིག་སྒྲིག་འཛུགས་གཞན་བརྒྱུད་མ་དགོས་པར་ཐད་ཀར་རག་པ་དེ་དངོས་སུ་མགོ་བཙུགས་ཏེ་བཀའ་ཁྲོལ་ཐོབ་ཚར་བ་རེད། སྤྱིར་དངུལ་གྱི་མང་ཉུང་གི་སྐད་ཆ་ཞིག་མ་རེད། གཞུང་ཞིག་གི་རོགས་ཚོགས་ནས་གཞུང་འབྲེལ་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དེབ་སྐྱེལ་ཡོད་པའི་སྡེ་ཚན་ཞིག་ལ་རོགས་དངུལ་ཐད་ཀར་གནང་སྐབས། དེ་ནི་དངུལ་ལས་གལ་ཆེ་བ་ཞིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་ཕྱོགས་ལ་ངོས་ལེན་བྱེད་ཀྱི་ཡོད་པ་ཆགས་ཀྱི་ཡོད་པ་རེད་ཅེས་ཞུ་ཡ་ཡིན། སྤྱིར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པ་དེ་དཔལ་འབྱོར་ལས་ཁུངས་ཀྱི་འོག་ལ་གནའ་སྔ་མོ་བཀའ་ཤག་གོང་མའི་གོང་མ་སྐབས་སུ་བཙུགས་པའི་རྒྱབ་ལྗོངས་ནི། མ་འོངས་པར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པ་རང་ངོས་ནས་དངུལ་ཐབས་ཤེས་བྱས་ཏེ་གཞུང་གི་སྒྲིག་འཛུགས་ལ་རོགས་པ་བྱ་རྒྱུའི་དམིགས་ཡུལ་ཆེན་པོ་ཡོད་པ་ནང་བཞིན། ད་ལྟའི་དུས་ལ་ཆ་ཚང་འགྲུབ་མེད་ནའང་གང་འཚམ་འགྲུབ་པའི་གོམ་པ་སྤོ་བཞིན་པ་རེད། ཅེས་དང་། ད་ལྟའི་དུས་ལ་ཨ་སྒོར་ས་ཡ་གཅིག་ཐད་ཀར་རག་ཡོད་པ་དང་། རིང་མིན་ཨ་སྒོར་ས་ཡ་གཅིག་དེ་རིམ་པས་ཡར་འཕར་བའི་དུས་ཚོད་ཅིག་ཡོང་གི་རེད། ཅེས་གསུངས་སོང་།

སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་རྡོར་ལགས་ཀྱིས། ད་ལམ་ཨ་རི་གཞུང་ངོས་ནས་ཐད་ཀར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་རོགས་དངུལ་རག་པ་དེ་ནི་གཙོ་བོ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདི་ལྟར་བྱུང་བ་རེད་ཞུ་འདོད་བྱུང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་ཨ་རིའི་རོགས་ཚོགས་གཉིས་བར་གན་རྒྱའི་ཡིག་ཆ་ཆ་ཚང་གཏན་འབེབ་བྱུང་ཚར་ཡོད་པ་དང་ལས་གཞི་ང་ཚོས་མུ་མཐུད་སྤེལ་བའི་འཆར་གཞི་གྲ་སྒྲིག་བྱེད་ཀྱི་ཡོད། ཅེས་དང་། ཡང་ཨ་རི་གཞུང་གིས་ཐད་ཀར་གནང་བའི་རོགས་དངུལ་ཨ་སྒོར་ས་ཡ་གཅིག་ཙམ་དེའི་སྐོར་ལ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ལ་འབྲེལ་བ་ཡོད་པའི་ལས་གཞི་ཆེ་ཁག་གཉིས་ཏེ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཨ་སྒོར་འབུམ་བཞི་དང་། སྐད་ཡིག་སྲུང་སྐྱོབ་ཆེད་འབུམ་དྲུག་གཏོང་རྒྱུ་ཡིན་པ་རེད། ཅེས་གསུངས་སོང་།

ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་འཁྲུངས་སྐར་ཉིན་དང་བསྟུན། ཨ་རིའི་རོགས་ཚོགས་(USAID)ཀྱི་འཛིན་སྐྱོང་འགན་འཛིན་ལས་ཚབ་ཇོན་བྷར་ས་(John Barsa) ལགས་ཀྱིས་༧གོང་ས་མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་ཕུལ་བའི་ནང་། འདས་པའི་ལོ་ངོ་ ༢༠ ལྷག་རིང་ཨ་རིའི་རོགས་ཚོགས་ནས་བོད་རང་སྐྱོང་ལྗོངས་དང་། རྒྱ་གར། བལ་ཡུལ་བཅས་ཀྱི་བོད་མི་རྣམས་ལ་དཔལ་འབྱོར་གྱིས་རོགས་རམ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། དེ་བཞིན་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་མཐུན་འགྱུར་རོགས་རམ་གནང་ཡོད། ཐ་ན་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་ལའང་ཨ་རིའི་རོགས་ཚོགས་ནས་བོད་མི་འདུས་སྡོད་ཁག་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་རོགས་རམ་གནང་ཡོད། ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༡༠

Leave a Reply

4 thoughts on “རོགས་དངུལ་ཁྲོད་སྒོར་འབུམ་དྲུག་སྐད་ཡིག་ཡར་རྒྱས་ཆེད་གཏོང་རྒྱུ།

  1. སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་རྡོར་ལགས་ཀྱིས། ད་ལམ་ཨ་རི་གཞུང་ངོས་ནས་ཐད་ཀར་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་རོགས་དངུལ་རག་པ་དེ་ནི་ཞེས་གསུང་འདུག་པ་དང། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རི་གཞུང་ནས་ཨ་རིའི་རོགས་ཚོགས་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་དེ་ཐད་ཀར་གནང་རྒྱུ་ཞིག་ཆགས་ཡོད་པ་རེད།ཅེས་དང་། ཡང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་འབྲེལ་བ་ཆགས་བསྡད་ཡོད་པ་རེད།གསུང་འདུག དཔལ་འབྱོར་བཀའ་བློན་མཆོག་གིས་ད་ཐེངས་བོད་མིའི་སྒྲིག་འཛུག་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ལ་ཨ་རིའི་གཞུང་གི་རོགས་དངུལ་བརྒྱུད་ནས་ཨ་སྒོར་ས་ཡ་གཅིག་སྒྲིག་འཛུགས་གཞན་བརྒྱུད་མ་དགོས་པར་ཐད་ཀར་རག་པ་དེ་ཞེས་གསུང་འདུག འོན་ཀྱང་མི་མང་ལ་གོ་བརྡ་གཙོ་བ་ག་རེ་སྤྲོད་ཀྱི་འདུག་གམ་ཞེས་ན། ཨ་རི་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་ཚོགས་བརྒྱུད་མ་དགོས་པར་རོགས་དངུལ་ཐད་ཀར་སྤྲད་པ་ཀྱི་ཡོད་དེ་རེད། དེ་བྱས་ན་སྤྱི་ཚོགས་ཡར་རྒྱས་ཐེབ་རྩ་དང་དབུས་བོད་མིའི་སྒྲིག་འཛུགས་གཉིས་དཀན་གཅིག་མིང་གི་རྣམ་གྲངས་རེད་དམ།