བལ་ཡུལ་གྱིས་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་བཀག་འགོག་བྱས།

བལ་ཡུལ་གཞུང་གིས་རྒྱ་གར་གྱི་བརྙན་འཕྲིན་གསར་ལམ་ཁག་གིས་བལ་ཡུལ་གཞུང་དང་སྲིད་བློན་སྐོར་ལ་ལུགས་མཐུན་མིན་པའི་གནས་ཚུལ་སྤེལ་བཞིན་ཡོད་སྐོར་བརྗོད་ནས་གནས་སྐབས་བཀག་འགོག་བྱས་ཡོད་འདུག

རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་གནད་དོན་རྐྱེན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས། ཁ་སང་ཕྱི་ཚེས་ ༩ ཉིན་བལ་ཡུལ་གྱི་སྒེར་གཉེར་བརྙན་འཕྲིན་བརྒྱུད་ལམ་གཏོང་མཁན་སྤྱི་གཉེར་ཁང་གིས། རྒྱ་གར་གྱི་གསར་ལམ་ཁག་གིས་བལ་ཡུལ་གྱི་སྲིད་བློན་དང་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མའི་བར་ལུགས་མཐུན་མ་ཡིན་པའི་འབྲེལ་བ་ཡོད་སྐོར་གྱི་གཞི་མེད་སྐྱོན་འཛུགས་རིགས་ཀྱི་གནས་ཚུལ་སྤེལ་བཞིན་ཡོད་སྐོར་བརྗོད་ནས། རྒྱ་གར་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་དྷུར་དྷར་ཤན་ (Doordarshan) ཕུད། རྒྱ་གར་གྱི་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་གཞན་ཁག་བཀག་འགོག་བྱས་ཡོད་འདུག

གནད་དོན་དེའི་སྐོར་ལ་ཀ་ཋི་མན་གྲུ་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། བལ་ཡུལ་གྱི་བརྙན་འཕྲིན་བརྒྱུད་ལམ་ལྷན་ཚོགས་(The Nepal Cable TV Association) ཀྱི་ཚོགས་གཙོ་ཌི་ནེ་ཤི་སུ་བྷེ་དྷི་ (Dinesh Subedi) ཟེར་བ་ཞིག་གིས། ང་ཚོས་རང་གི་ལར་ཞེན་སྟོན་ཆེད་གནས་སྐབས་རིང་རྒྱ་གར་གྱི་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་སྐོར་ཞིག་བཀག་ཡོད། དེ་ནི་ལྷན་ཚོགས་ཀྱིས་ཐག་གཅོད་ལས་གཞུང་གི་བཀའ་རྒྱ་ཞིག་མིན། ཞེས་བརྗོད་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་བཀག་འགོག་བྱ་རྒྱུའི་ཐག་གཅོད་དེ་མ་བྱུང་སྔོན་བལ་གཞུང་གི་མགྲིན་ཚབ་པ་ཡུབ་ར་ཇི་ཁ་ཏི་ཝ་ཌ་ (Yubaraj Khatiwada) ཡིས། རྒྱ་གར་གྱི་བརྒྱུད་ལམ་སྐོར་ཞིག་གིས་ང་ཚོའི་རྒྱལ་ཁབ་དང་། མི་རིགས། ས་ཁོངས་བདག་དབང་། བལ་ཡུལ་མི་མང་གི་ཆེ་མཐོང་བཅས་གཏོར་བརླག་གཏོང་བཞིན་པ་དེར་བལ་ཡུལ་གཞུང་ནས་ཡ་ལན་སྤྲོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། ཅེས་དང་། བལ་གཞུང་ངོས་ནས་གསར་ཁང་དེ་དག་ལ་གནས་ཚུལ་དེ་དག་བརྒྱུད་སྒྲོག་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེད་བྱས་ཡོད། ཅེས་བརྗོད་ཡོད་འདུག གཞན་ཡང་རྒྱ་གར་ནང་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་པ་ནེ་ལམ་བྷར་ཨཅརྱ་(NilamberAcharya)ངོས་ནས་ཀྱང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ལ་གནད་དོན་དེ་དག་ཐད་གླེང་སློང་བྱས་ཡོད་པ་མ་ཟད། རྒྱ་གར་གྱི་གསར་ཁང་དེ་དག་གི་བྱེད་ཐབས་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་སྐོར་ཡང་བརྗོད་ཡོད་འདུག

ཉེ་ཆར་རྒྱ་གར་གྱི་ཛི་ཧིན་དྷུ་གསར་འགྱུར་(ZeeHindustan) གྱིས་མཚོན་པའི་རྒྱ་གར་གྱི་སྒེར་གཉེར་བརྙན་འཕྲིན་བརྒྱུད་ལམ་ཁག་ནང་། བལ་ཡུལ་གྱི་སྲིད་བློན་ཀེ་པི་ཨོ་ལི་དང་བལ་ཡུལ་ནང་གི་རྒྱ་ནག་གི་གཞུང་ཚབ་མ་ཧོ་ཡན་ཆིའི་ (Hou Yanqi)  བར་ལུགས་མཐུན་མ་ཡིན་པའི་འབྲེལ་བ་ཡོད་སྐོར་དང་། སྲིད་བློན་ཀེ་པི་ཨོ་ལིས་ཁོ་མོའི་ངོར་བལྟས་ནས་རྒྱ་ནག་གི་ཕྱོགས་འཛིན་གྱི་ཡོད་པ་མ་ཟད། ཧོ་ཡན་ཆིས་བལ་ཡུལ་གྱི་འཛིན་སྐྱོང་ནང་ཐེ་བྱུས་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཡོད་སྟབས། བལ་ཡུལ་གཞུང་མང་ཁྲོད་དུ་རྒྱ་གར་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་ཐོན་ཡོད་པ་རེད།

འདས་པའི་ཟླ་ཤས་རིང་ནས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁ་གཏད་སྲིད་དོན་ཚོགས་པ་མི་ཉུང་བས་སྲིད་བློན་ཀེ་པི་ཨོ་ལིས་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་རེ་འདུན་བཏོན་ཡོད་ལ། གཞུང་འཛིན་དམར་ཤོག་ཚོགས་པ་ནང་ཁུལ་དུའང་འགལ་ཟླ་ཤུགས་ཆེན་པོ་འབྱུང་བཞན་པའི་སྐབས་འདིར། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མ་ཧོ་ཡན་ཆི་ཟེར་བ་དེས། སྲིད་བློན་ཨོ་ལི་དང་། རྒྱལ་ཡོངས་དམར་ཤོག་ཚོགས་པའི་མཉམ་འབྲེལ་ཚོགས་གཙོ་ (Pushpa Kamal Dahal)། དེ་བཞིན་བལ་ཡུལ་གྱི་སྲིད་འཛིན་བྷི་དྷ་ཡ་བྷན་དྷ་རིས་མཚོན་པའི་དམར་ཤོག་ཚོགས་པའི་གནད་ཡོད་མགོ་འཁྲིད་མི་ཉུང་བར་ཐུག་འཕྲད་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་ཧོ་ཡན་ཆི་བརྒྱུད་བལ་ཡུལ་ནང་ཁུལ་གྱི་ཆབ་སྲིད་རྩོད་རྙོག་ནང་ཞུགས་ཏེ། རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པའི་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་ཧོ་ཡན་ཆིས་མགོ་འཁྲིད་དེ་དག་དང་ཐུག་འཕྲད་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་དམར་ཤོག་ཚོགས་པ་ནང་ཁུལ་འཆམ་མཐུན་ཡོང་ཆེད་ཡིན་སྐོར་བཀོད་འདུག་ལ། འདས་པའི་བལ་ཡུལ་གྱི་འོས་བསྡུའི་ཁྲོད་དུའང་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་རྒྱུར་རོགས་འདེགས་གང་འཚམ་བྱས་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༠

Leave a Reply