རྒྱ་ནད་གསང་སྦེད་མ།

ཚེ་རིང་རྒྱལ་གྱིས་བོད་ཡིག་ཐོག་ཕབ་བསྒྱུར་བྱས།

མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་ཡོད་ཞིབ་འཇུག་ཁང་ཞིག་ཏུ་ཕྱག་ལས་གནང་མཁན་སྨན་པ་ཞིག་གསང་སྟབས་ཀྱིས་ཨ་རིར་བྲོས་བྱོལ་ཐོག  རྒྱ་ནད་འགོས་ཁྱབ་ཀྱི་དངོས་དོན་ཕྱིར་སྒྲོག་བྱས་པའི་ཐད་ཨ་རིའི་ཧྥོ་ཁི་སི་གསར་ཁང་(FOX News)གིས་བཅར་འདྲི་བྱས་པའི་གནས་ཚུལ།

“ང་ནི་འབུམ་རམས་པ་ཡཱན་མིན་ལིས་(闫梦鹿)ཡིན། ཁྱོད་ཚོས་ངའི་མིང་ལ་སི་ཁར་ལིས་ཁྲི་(Scarlett)ཞེས་བོས་ཀྱང་ཆོག ང་རང་ཧོང་ཀོང་ནས་ཡིན། ཧོང་ཀོང་གཙུག་ལག་སློབ་ཆེན་སྤྱི་ཚོགས་འཕྲོད་བསྟེན་རིག་པའི་སློབ་གླིང་དུ་ལས་ཀ་བྱེད་ཀྱིན་ཡོད། ངས་ལས་ཀ་བྱེད་སའི་ཞིབ་འཇུག་ཁང་དེ་ནི་འཛམ་གླིང་གི་ཏོག་དབྱིབས་ནད་དུག་རྩེ་གྲས་སྐོར་ལ་ཞིབ་འཇུག་བྱེད་ས་ཞིག་ཡིན།  ང་རང་ཨ་རིར་ཡོང་དགོས་དོན་ནི། ༢༠༡༩ ལོའི་ཏོག་དབྱིབས་ནད་དུག་སྐོར་གྱི་དངོས་དོན་གནས་ཚུལ་ཕྱིར་སྒྲོག་བྱ་ཆེད་ཡིན།”

འབུམ་རམས་པ་ཡཱན་མན་ལིས་ཀྱིས་བཤད་པ་ལྟར་ན། ཁོ་མོ་ཕྱི་ཕྱོགས་སུ་ཡོང་སྟེ་དངོས་དོན་གསལ་བཤད་བྱ་ཐབས་ཆེད།  རང་ཉིད་ཀྱི་ནང་མི་དང་གྲོགས་པོ་བཅས་ལ་ཁ་མི་འབྲལ་ཐབས་མེད་བྱུང་འདུག

“གལ་སྲིད་ངས་ཧོང་ཀོང་དུ་དངོས་དོན་གསལ་བཤད་བྱས་ཚེ།  དེ་མ་ཐག་ང་རང་ལྐོག་གསོད་དམ་གར་སོང་ཆ་མེད་འགྱུར་ངེས་ཡིན།  མི་སུས་ཀྱང་ངས་བཤད་པའི་དངོས་དོན་ཐོས་ཐབས་བྲལ་བ་རེད། དེར་བརྟེན།  མི་མང་གིས་དངོས་དོན་ཤེས་རྟོགས་ཡོང་ཆེད་ང་རང་ཨ་རིར་བསྐྱོད་རྒྱུའི་ལམ་ཁ་འདི་བདམས་པ་ཡིན། འཛམ་གླིང་ཡོངས་ཀྱིས་ ༢༠༡༩ ལོའི་ཏོག་དབྱིབས་ནད་དུག་གི་འབྱུང་རིམ་དངོས་དོན་མཁྱེན་རྟོགས་ཡོང་རྒྱུ་དང་། མང་ཚོགས་ཀྱི་ངོས་ནས་ཀྱང་དེ་ནི་ཅི་འདྲའི་ཉེན་ཁ་དང་འཇིགས་སྣང་ཅན་ཞིག་ཡིན་པ་ཤེས་རྟོགས་ཡོང་ཐབས་ཡིན། གནད་དོན་འདི་ནི་ཆབ་སྲིད་དང་འབྲེལ་བ་མེད་པར། འགྲོ་བ་མིའི་འཚོ་གནས་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཡོད།”

བཤད་ཚུལ་ལྟར་ན། དང་ཐོག་ཁོ་མོས་ཀྱང་ནད་དུག་ཞིབ་འཇུག་སྐོར་གསང་བ་བྱས་ཡོད་པ་མ་ཟད། ཞིབ་འཇུག་དེ་དག་གིས་ཏོག་གསར་ནད་དུག་འགོས་ཁྱབ་ཐད་གདོང་ལེན་བྱ་རྒྱུར་རོགས་ཕན་ཐུབ་སྲིད་པར་སྙམ་འདུག 

“ང་རང་ནི་རྒྱལ་སྤྱིའི་སྒང་རྒྱ་ནག་ཏོག་གསར་ནད་དུག་ཞིབ་འཇུག་སྐོར་ལ་མཉམ་ཞུགས་བྱེད་མཁན་ཚན་རིག་པ་ཐོག་མའི་གྲས་ཀྱི་གཅིག་ཆགས་ཡོད། རྒྱ་ནག་ཝུ་ཧན་དུ་སར་སི་(SARS)དང་རིགས་མཚུངས་པའི་ཏོག་དབྱིབས་ནད་དུག་ཅིག་བྱུང་ཡོད་པ་དེ། ང་ཚོས་ཕྱི་ཟླ་ ༡༢ ཚེས་ ༣༡ ནས་ཤེས་རྟོགས་བྱུང་། རྒྱ་ནག་ནང་བྱུང་བཞིན་པའི་གནས་ཚུལ་ཐད་གསང་བའི་སྒོ་ནས་ཞིབ་འཇུག་བྱ་རྒྱུར་ངའི་འགོ་གཙོ་སྟེ་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་བློ་འདོན་པ་སྨན་པ་ཕན་ལིས་ཝན་(潘烈文)གྱིས་ང་རང་ལ་རེ་སྐུལ་བྱས་བྱུང་། ཧོང་ཀོང་གི་ཚན་རིག་པ་ཚུད་པའི་ཕྱིའི་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་རྣམས་ཞིབ་འཇུག་ཆེད་རྒྱ་ནང་ཡོང་རྒྱུར་རྒྱ་གཞུང་གིས་ངོས་ལེན་བྱས་མེད།  དེར་བརྟེན། ངས་རང་ཉིད་ཀྱི་འབྲེལ་ཡོད་གྲོགས་པོ་དག་བརྒྱུད་ནས་གནས་ཚུལ་གང་མང་རག་ཐབས་བྱས་པ་ཡིན། (ཁོ་མོས་རང་ཉིད་ཀྱི་ལག་ཁྱེར་ཁ་པར་ནང་གི་གླེང་མོལ་ཟིན་ཐོར་མཛུབ་མོ་བཙུགས་ཏེ་བརྗོད་དོན།) འདི་ནི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་གྱི་གླེང་མོལ་ཟིན་ཐོ་ཞིག་རེད། ངས་རྒྱ་ནག་ནད་དུག་འགོག་སྲུང་བསྟི་གནས་ཀྱི་གྲོགས་པོ་འདི་དང་གླེང་མོལ་བྱས་པ་ཡིན། ཁོ་ལ་ཐོག་མའི་གནས་ཚུལ་གྱི་རྒྱུ་ཆ་ལག་སོན་བྱུང་ཡོད་རེད། ཁོས་ང་ལ་ཁྱིམ་ཚང་ནང་ཁུལ་ཕན་ཚུན་འགོས་ཁྱབ་ཀྱི་ནད་ཐོ་སྔར་ནས་བྱུང་མགོ་ཚུགས་ཟིན་པ་བཤད་བྱུང་།  དེ་ནི་ནད་དུག་མི་ཕན་ཚུན་དབར་འགོས་ཁྱབ་འགྲོ་བཞིན་པའི་ཁྱད་ནུས་ཡོད་པར་ངོས་འཛིན་བྱ་ཆོག་པ་ཞིག་རེད།”

དང་ཐོག  རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་ནད་དུག་མི་ཚོགས་ཁྲོད་འགོས་ཁྱབ་འགྲོ་མིན་སྐོར་ངོས་འཛིན་ཐག་གཅོད་གང་ཡང་བྱས་མེད།  རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་གསལ་བསྒྲགས་སྤེལ་དོན། རྒྱ་གཞུང་གིས་མཁོ་འདོན་བྱས་པའི་གནས་ཚུལ་གཞིར་བཟུང་ན། ནད་དུག་དེ་ནི་མི་རེ་འགའི་ལུས་སྟེང་དུ་ནད་རྟགས་ཛ་དྲག་མངོན་སྲིད། ཡིན་ནའང་། མི་ཕན་ཚུན་དབར་འགོས་ཁྱབ་འབྱུང་རྒྱུ་ཁག་པོ་རེད། དེའི་སྐོར་གྱི་གནས་ཚུལ་རིགས་ནི་ཚད་བཀག་ཅན་ཞིག་ཡིན་སྟབས། མི་ཚོགས་སྤྱི་ཡོངས་ལ་ཉེ་ཁ་ཡོད་པར་ངོས་འཛིན་བྱ་ཐབས་བྲལ་ཞེས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༩ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད། སྐབས་དེར་རྒྱ་གཞུང་གིས་ཐོག་མར་གསལ་འདོན་བྱས་པའི་ཞིབ་འཇུག་གྲུབ་དོན་ནི། ཝུ་ཧན་དུ་བྱུང་བའི་ཏོག་གསར་ནད་དུག་དེ་མི་ཕན་ཚུན་དབར་འགོས་ཁྱབ་འགྲོ་བར་བདེན་དཔང་རྙེད་མེད་པར་བརྗོད་ཡོད། ཡིན་ནའང་། འབུམ་རམས་པ་ཡཱན་མན་ལིས་ལགས་ལ་གནས་ཚུལ་མཁོ་འདོན་བྱེད་མཁན་སྨན་པ་དེ་ཉིད་ནད་དུག་འགོས་ཁྱབ་ཐད་འཇིགས་སྐྲག་ཆེན་པོ་སྐྱེས་ཀྱིན་ཡོད་པ་རེད།

“(ཁོ་མོས་རང་ཉིད་ཀྱི་ལག་ཁྱེར་ཁ་པར་ནང་གི་གླེང་མོལ་ཟིན་ཐོར་མཛུབ་མོ་བཙུགས་ཏེ་བརྗོད་དོན།) དྲ་ཚོམས་འདིའི་ནང་གི་ཚོགས་མི་རྣམས་ནི་རྒྱ་ནག་གི་སྨན་ཁང་ཆེ་ཁག་དག་གི་སྨན་པ་རྣམས་རེད། གནས་ཚུལ་འདི་ནི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་གྱི་ཞོགས་པར།  སྨན་པ་ཞིག་གིས་ཝུ་ཧན་ན་ཡོད་པའི་སྨན་པ་གང་རུང་ནས་སར་སི་དང་འདྲ་བའི་ནད་དུག་འདིའི་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱ་ཐུབ་མིན་སྐད་ཆ་དྲིས་སྐབས།  གློ་བུར་དུ་སྨན་པ་གཞན་ཞིག་གིས་དེའི་སྐོར་འདྲི་ཞིབ་མི་བྱ་རྒྱུར་སྐུལ་མ་དང་སྦྲགས། གནས་དོན་དེ་ནི་ཧ་ཅང་ཚོར་བ་རྐྱེན་པའི་གནད་དོན་ཛ་དྲག་ཅིག་ཡིན་པ་དང་།  ང་ཚོས་དེའི་སྐོར་གླེང་མོལ་བྱ་མི་རུང་། ཡིན་ནའང་། ང་ཚོས་ངེས་པར་དུ་ཁ་རས་གྱོན་རྒྱུ་མགོ་རྩོམ་དགོས་སྐོར་བརྗོད་ཡོད།”

ཡཱན་མན་ལིས་ཀྱིས་བཤད་ན། རྒྱ་གཞུང་གིས་སྐབས་དེར་འབྲེལ་ཡོད་གནས་ཚུལ་ཕྲན་ཙམ་ལས་མཁོ་འདོན་མ་བྱས་སྟབས། ཕྱི་ཟླ་ ༡ ཚེས་ ༡༦ ཉིན། ཁཽ་མོར་བསྐྱར་དུ་རྒྱ་ནང་འབྲེལ་ཡོད་མི་སྣར་འབྲེལ་བ་བྱ་རྒྱུར་རེ་སྐུལ་བྱས་སོང་། ཡིན་ནའང་། ཁོ་མོས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཐད་མི་རྣམས་བློ་འཚབ་སྐྱེས་དགོས་བྱུང་།

“དང་པོ་ནི། ཝུ་ཧན་དུ་མི་ཕན་ཚུན་དབར་འགོས་ཁྱབ་གནས་སྟངས་ནི་ཧ་ཅང་ཛ་དྲགས་ཆགས་ཟིན་འདུག ནད་པ་མང་པོར་དུས་ཐོག་བརྟག་དཔྱད་དང་སྨན་བཅོས་ཐོབ་ཐུབ་ཀྱིན་མེད་པ་རེད། དེ་བཞིན། འཕྲོད་བསྟེན་མི་སྣ་དང་ནད་པ། མང་ཚོགས་བཅས་ཚང་མར་འགན་ལེན་སྲུང་སྐྱོབ་ཀྱི་བྱེད་ཐབས་གང་ཡང་ལག་བསྟར་བྱས་མི་འདུག དེ་དང་དུས་མཚུངས་སུ། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་མི་སུ་གང་ལའང་ཕྱིར་སྒྲོག་བྱེད་འཇུག་གི་མེད་པ་རེད། སྨན་ཁང་གི་སྨན་པ་རྣམས་ཧ་ཅང་བློ་འཚབ་སྐྱེས་བཞིན་ཡོད་མོད།  ཡིན་ནའང་། ཁོ་ཚོས་སྐད་ཆ་བཤད་ཐུབ་ཀྱིན་མེད་པ་རེད།  རྒྱ་ནག་ནད་དུག་འགོག་སྲུང་བསྟི་གནས་ཀྱི་ལས་བྱེད་མི་སྣ་རྣམས་ཀྱང་ཧ་ཅང་འཇིགས་སྣང་སྐྱེས་བཞིན་འདུག”

ཁོ་མོས་བཤད་ན། སྐབས་དེ་ནས་བཟུང་ཁོ་མོའི་ཞིབ་འཇུག་གི་གྲུབ་དོན་རྣམས་སྦས་གསང་བྱེད་མགོ་བརྩམས་འདུག 

“ང་ལ་ཞིབ་འཇུག་གི་གྲུབ་དོན་རག་རྗེས། གང་མགྱོགས་གནས་ཚུལ་དེ་དག་སྨན་པ་ཕན་ལིས་བུན་ལགས་ལ་སྙན་སེང་ཞུས་པ་ཡིན། ཡིན་ནའང་། ཁོས་དེ་སྔོན་ང་ལ་ ‘ཐིག་དམར་བརྒལ་མི་རུང་བའི་’ ཉེན་བརྡ་བཏང་བ་ལྟར།  ཁོས་ང་རང་ཁུ་སིམ་པོར་འདུག་དགོས་པ་དང་སེམས་ཆུང་བྱ་དགོས་པ་བསྟན་སོང་། དེའི་གོ་དོན་ནི་རྒྱ་གཞུང་གི་ལྟ་ཕྱོགས་ལས་བརྒལ་མི་རུང་བ་དེ་རེད།  གལ་སྲིད་མཚམས་ཐིག་དེ་ལས་བརྒལ་བ་ཡིན་ན། ང་ཚོར་དཀའ་རྙོག་འཕྲད་ཀྱི་ཡིན་པར་མ་ཟད། གར་སོང་ཆ་མེད་འགྱུར་ཉེན་ཡོད་པས་རེད། ངས་བསམ་ན་གནས་ཚུལ་དེ་ངེས་པར་དུ་མང་ཚོགས་ལ་གསལ་བརྗོད་བྱ་དགོས་ཀྱི་འདུག  གནས་ཚུལ་དེ་ནི་ཧ་ཅང་ཛ་དྲགས་དང་གལ་ཆེན་ཞིག་རེད། དེར་བརྟེན། གང་མགྱོགས་མང་ཚོགས་ལ་ཤེས་རྟོགས་ཡོང་འཇུག་དགོས་སྙམ།  ཡིན་ནའང་། ཁོས་གང་ཡང་བསྒྲུབས་མ་སོང་། རྒྱུ་མཚན་ནི་ངས་ཉི་མ་མང་པོའི་རིང་ལ་ངང་སྒུག་བྱས་མོད། ང་ལ་ལན་འདེབས་གསལ་བཤད་ཅི་ཡང་བྱས་མ་སོང་།  མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་བའི་སྒོ་ནས་ཞིབ་འཇུག་ཁང་དུ་མཉམ་ལས་གནང་མཁན་འགོ་གཙོ་སློབ་དཔོན་ཕེར་སི་(Peiris)་ལགས་ཀྱིས་ཀྱང་དངོས་ཡོད་གནས་ཚུལ་རྣམས་ཤེས་ཀྱིན་ཡོད་པ་རེད། ཡིན་ནའང་། བྱེད་ཐབས་གང་ཡང་ལག་བསྟར་བྱས་མ་སོང་། ནད་དུག་ཞིབ་འཇུག་པ་ཞིག་དང་ལྷག་པར་རེ་ཟུང་ནི་སྨན་པའང་ཡིན་པའི་ངོས་ཐད་ནས། ཁོ་ཚོས་གནས་ཚུལ་དེའི་ཛ་དྲག་རང་བཞིན་ཤེས་གསལ་རེད། འདི་ནི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཉེན་ཚབ་ཅན་ཞིག་ཡིན་སྟབས། ཁོ་ཚོས་གང་མགྱོགས་སྒོས་བྱེད་ཐབས་སྤྱོད་དགོས་ངེས་ཤིག་ཆགས་ཡོད། མ་གཞི་ཁོ་ཚོས་དེའི་ཐད་ལས་དོན་འདྲ་མིན་སྣ་ཚོགས་བསྒྲུབ་ཐུབ་པ་ཞིག་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ནད་དུག་འགོས་ཁྱབ་མི་འགྲོ་བར་སྟངས་འཛིན་བྱེད་ཐུབ་པ་ཞིག་རེད། ད་ལྟ་ང་ཚོས་མཐོང་ཆོས་སུ་གྱུར་བའི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་ཆེ་བའི་གོད་ཆགས་གནས་སྟངས་འདིའི་ཚད་ལ་སླེབས་མ་བཅུག་ན་ཆོག་པ་ཞིག་རེད།”

ཁོ་མོས་རང་ཉིད་ཀྱི་མགོ་དཔོན་སྨན་པ་ཕན་དང་རྒྱལ་ཚོགས་ཀྱི་འཐུས་ཚབ་ཐོག་ཞིབ་འཇུག་ཁང་དུ་མཉམ་ལས་གནང་མཁན་སྨན་པ་ཕེར་སི་བཅས་ནས།  ཁོ་ཚོས་རྒྱུས་ལོན་བྱུང་བའི་དངོས་ཡོད་གནས་ཚུལ་རྣམས་ཕྱིར་སྒྲོག་བྱེད་ཀྱིན་མེད་པ་རྟོགས་འདུག

“དེའི་ཐད་ང་རང་ཧ་ཅང་བློ་ཕམ་བྱུང་། ཡིན་ནའང་། ངས་གནས་ཚུལ་དེ་ལྟར་ཡོང་རྒྱུ་ཡིན་པ་སྔ་མོ་ནས་ཚོར་བྱུང་། རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་དག་རྒྱ་གཞུང་དང་འབྲེལ་ནས་རུལ་སུངས་ཆགས་ཡོད་པ་ངས་སྔ་མོ་ནས་ཤེས་ཀྱི་ཡོད། དེར་བརྟེན། མ་གཞི་གནས་སྟངས་དེ་ལྟར་ཆགས་ཡོད་པ་དེ་ངས་དང་ལེན་བྱེད་ཐུབ་ནའང་། བདེན་པ་མ་ཡིན་པའི་གནས་ཚུལ་འཛམ་གླིང་ལ་བསྒྲགས་ཏེ་བསླུ་འཁྲིད་བྱེད་འཇུག་འདོད་ང་ལ་མི་འདུག  ངེས་པར་དུ་ནོར་འཁྲུལ་ཅན་གྱི་གནས་ཚུལ་དེ་དག་ཡོ་བསྲང་བྱེད་དགོས་ཀྱི་འདུག་བསམ། ངས་རང་ཉིད་ལ་ག་རེ་འབྱུང་ཉེན་ཡོད་པ་ཚོར་ཐུབ་ཀྱི་འདུག  ཁོ་ཚོས་གནས་ཚུལ་ཕྱིར་སྒྲོག་བྱ་མཁན་ལ་མནར་གཅོད་ཇི་ལྟར་གཏོང་བཞིན་པའང་ཤེས་ཀྱིན་ཡོད། རྒྱ་གཞུང་གིས་ཉེས་མེད་ཀྱི་ན་གཞོན་ཞི་རྒོལ་བ་རྣམས་ལ་དྲག་གནོན་བྱེད་བཞིན་པའི་སྡིག་སྤྱོད་རྣམས་ཀྱང་ངས་མཐོང་སོང་།”

རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྨན་པ་ཡཱན་མན་ལིས་ཀྱིས་བཤད་པའི་སྐོར་ངོས་ལེན་བྱས་མེད། དེར་མ་ཟད། ཧྥོ་ཁི་སི་གསར་ཁང་ལ་བརྗོད་དོན། བློ་འདོན་པའི་མིང་ཐོག་ནས་མི་མང་པོ་ཞིག་གིས་ང་ཚོར་མཉམ་ལས་བསྒྲུབ་ཀྱིན་ཡོད་མོད། སྨན་པ་ཕན་དང་སྨན་པ་ཕེར་སི་བཅས་ནི་ཁོ་ཚོར་མཉམ་ལས་བྱེད་མཁན་མིན་སྐོར་དང་། ཁོ་ཚོས་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚབ་མཚོན་ཐུབ་ཀྱི་མེད་སྐོར་ནན་བརྗོད་བྱས་ཡོད་པ་རེད།  ཧྥོ་ཁི་སི་གསར་ཁང་གིས་སྨན་པ་དེ་གཉིས་ལ་སྐད་ཆ་འདྲི་བར་ཐབས་ཤེས་བྱས་མོད་འབྲེལ་གཏུགས་བྱེད་ཐུབ་མེད་པ་རེད། རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་མི་སྣས་ཧྥོ་ཁི་སི་གསར་ཁང་ལ་ཁོ་ཚོས་སྨན་པ་ཡཱན་མན་ལིས་ཟེར་བ་ཞིག་གཏན་ནས་གོ་ཐོས་བྱུང་མྱོང་མེད་སྐོར་དང་། རྒྱ་གཞུང་གིས་མགྱོགས་མྱུར་དང་ནུས་པ་ལྡན་པའི་སྒོ་ནས་ཏོག་གསར་ནད་དུག་འགོས་ཁྱབ་ཐད་གདོང་ལེན་བྱས་ཡོད་སྐོར་བརྗོད་འདུག  ཕྱི་ཟླ་ ༡ ཚེས་ ༡༩ ནས་བཟུང་ཁོ་མོས་ཉེན་ཁ་བརྒྱུད་དེ། ཨ་རི་ཡོད་པའི་སྤྱི་ཚོགས་དྲ་རྒྱ་ཞིག་བརྒྱུད་ནས་ཁོ་མོས་ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམས་ཕྱིར་སྒྲོག་བྱས་ཡོད། ཡིན་ནའང་། རྒྱ་སྐད་ཁོ་ནས་ཐོག་ནས་གནས་ཚུལ་སྤེལ་དགོས་ཐུག་ཡོད།

“སྟབས་མ་ལེགས་པ་ཞིག་ནི། དབྱིན་སྐད་དང་རྒྱ་སྐད་ཕན་ཚན་ནང་དོན་གཅིག་གྱུར་བྱུང་མེད་པ་རེད། དེ་ལྟར་ང་ཚོས་ཆུ་ཚོད་༤རིང་ལ་གནས་ཚུལ་ཕྱིར་སྒྲོག་བྱས་མཐར། རྒྱ་གཞུང་གིས་གཞི་ནས་རྒྱལ་སྤྱིར་ལན་འདེབས་བྱས་འདུག  སྐབས་དེར་རྒྱ་གཞུང་གིས་ནད་ཐོ་ཨང་གྲངས་ ༦༢ ནས་ཨང་གྲངས་ ༡༩༨ བར་ལྡབ་གསུམ་འཕར་སྣོན་བྱས་ཡོད་པ་རེད། ཁོ་ཚོས་ནད་དུག་དེ་མི་ཕན་ཚུན་དབར་འགོས་ཁྱབ་འགྲོ་བཞིན་པ་ཁས་ལེན་བྱས་འདུག  དེ་དང་དུས་མཚུངས། ཞིས་ཅིན་ཕིན་གྱིས་གཞི་ནས་༢༠༢༠ ལོའི་ཐོག་མའི་སྤྱི་བསྒྲགས་དེ་སྤེལ་ཡོད་པ་རེད།  གནས་ཚུལ་དེ་ནི་འགོས་ཁྱབ་རང་བཞིན་ཅན་གྱི་ཏོག་གསར་ནད་དུག་ཞིག་ཡིན་པ་བསྒྲགས་ཡོད་ལ། སར་སིའི་གནས་རིམ་དང་ཚད་མཉམ་པའི་འགོས་ནད་ཞིག་ཏུ་ངོས་འཛིན་བྱས་ཡོད། དེ་ནས་ཉིན་གསུམ་གྱི་རྗེས་ཏེ།  ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཝུ་ཧན་སྒོ་བརྒྱབ་ཡོད་པ་རེད།”

བདུན་ཕྲག་འགའི་རྗེས་སུ།  ཁོ་མོར་སྤྱི་ཚོགས་དྲ་རྒྱའི་འཕྲིན་སྟེགས་གཉེར་མཁན་ཞིག་ནས་ཉེན་བརྡ་འབྱོར་ཡོད་པ་རེད། 

“ཁོས་ང་རང་ལ་ཉེན་ཁ་ཡོད་པ་ཤེས་འདུག  ང་རང་གང་མགྱོགས་རྒྱ་ནག་ནས་ཁ་འབྲལ་ཐབས་བྱ་དགོས་པ་དང་། ང་རང་ཨ་རིར་འོང་སྟེ་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱེད་རྒྱུར་འདོད་མོས་ཡོད་མེད་ཀྱང་དྲིས་བྱུང་། ངས་འདོད་མོས་ཡོད་ཅེས་བཤད་པ་ཡིན། དེར་མ་ཟད། ངའི་ཁྱོ་གས་ཀྱང་ཁ་པར་དེའི་སྐོར་རྒྱུས་ལེན་བྱུང་ཡོད།”

ཁོ་མོ་དང་མོའི་ཁྱོ་ག་གཉིས་ནི་ཞིབ་འཇུག་ཁང་གཅིག་ཏུ་ལས་ཀ་བསྒྲུབ་བཞིན་ཡོད་འདུག  ཁོ་མོས་བརྗོད་ན། ཁྱོ་གས་མོ་རང་གི་ཉམས་ཞིབ་གནས་ཚུལ་དེའི་སྐོར་ཤེས་ཀྱི་ཡོད་པ་དང་། སྨན་པ་ཕེར་སི་དང་འབྲེལ་འདྲིས་ཟབ་མོ་ཡོད་པ་མ་ཟད། སྒེར་ངོས་ནས་ཁོ་མོའི་ཉམས་ཞིབ་དེར་རྒྱབ་སྐྱོར་ཡང་གནང་གི་ཡོད་པ་རེད།  ཡིན་ནའང་། ཁོ་མོས་ཁྱོ་གར་རང་དང་ལྷན་དུ་ཨ་རིར་བསྐྱོད་རྒྱུར་རེ་འདུན་དང་། གནས་ཚུལ་ག་རེ་བྱུང་མིན་ཁོ་རང་ལ་འགྲེལ་བཤད་ཞུས་སྐབས།

“ཁོ་རང་ཧ་ཅང་ཁོང་ཁྲོ་ལངས་པ་མ་ཟད། ང་རང་ལ་ལས་བདའ་བྱས་པ་དང་། ད་དུང་ཁོ་མོའི་ཆོད་སེམས་མར་གཅོག་ཐབས་བྱས་བྱུང་།  དེ་ཡིས་ཁོ་རང་རྒྱ་གཞུང་ལ་ཞེད་སྣང་ག་ཚོད་ཅིག་སྐྱེས་བཞིན་པ་མཚོན་ཐུབ།  ཁོས་རྒྱ་གཞུང་གིས་ང་ཚོ་ཚང་མ་དམར་གསོད་གཏོང་ངེས་རེད་ཅེས་བརྗོད་བྱུང་། ངས་རང་ཉིད་དང་ལྷན་དུ་ཁོ་རང་ཨ་རིར་ཡོང་རྒྱུར་འབད་བརྩོན་བྱས་མོད། མཐར་ངའི་འདོད་ཐོག་ཏུ་སླེབས་ཐུབ་མ་སོང་། དེར་བརྟེན། ཕྱི་ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བའི་ཉིན་ངས་ཨ་རིར་འགྲོ་བའི་གནམ་གྲུའི་འཛིན་བྱང་ཉོ་ཐུབ་སོང་། ཚེས་ ༢༨ ཉིན་ཨ་རིར་འཕུར་བསྐྱོད་བྱས་པ་ཡིན།”

བཙན་བྱོལ་དུ་གྱར་བའི་ཆབ་སྲིད་ཚོགས་སྡེ་ཞིག་གི་རོགས་རམ་བརྒྱུད་ནས།  ཁོ་མོ་བདེ་འཇགས་ངང་རྒྱ་ནག་དང་ཁ་འབྲལ་ཐུབ་པ་བྱུང་འདུག 

“ཉིན་དེར་ང་རང་ཧ་ཅང་དངངས་འཚབ་སྐྱེས་བྱུང་། གནམ་གྲུ་མ་འཕུར་སྔོན་གྱི་གོམ་པ་རེ་རེ་བཞིན།  ང་རང་བཀག་འགོག་འཐེབ་སྲིད་པ་ངས་ཤེས་ཀྱི་ཡོད། ང་རང་ཨ་རིའི་ལའོ་སན་ཇི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། དང་ཐོག་ཡོད་ཚད་བདེ་འཇགས་ལྟ་བུར་སྣང་།  ང་རང་ཞིབ་བཤེར་འགག་སྒོ་བརྒྱུད་དེ་ཅ་ལག་བླངས་རྗེས།  ཕྱིར་འབུད་སའི་སྒོ་ཆེན་ལ་སླེབས་མཚམས།  ཉེན་རྟོག་པ་གཉིས་ཀྱིས་ང་རང་བཀག་བྱུང་།  ཧ་ལམ་ང་རང་ལ་ཆེད་དུ་སྒུག་སྡོད་པའི་རྣམ་པ་ཞིག་མངོན་འདུག རྒྱུ་མཚན་ག་རེ་ཡིན་པ་ངས་ཤེས་མ་སོང་། ཁོ་ཚོས་ང་གཞུང་སྒྲུབ་ཁང་ཞིག་གི་ནང་དུ་ཁྲིད་དེ། ང་རང་གང་ནས་ཡོང་མིན་དང་ལས་ཀ་ག་རེ་བྱེད་ཀྱིན་ཡོད་མེད་སྐད་ཆ་དྲིས་བྱུང་།  ང་རང་ཧ་ཅང་ཞེད་སྣང་སྐྱེས་བྱུང་། ངས་བསམ་པར་ངེས་པར་དུ་ཁོ་ཚོར་དངོས་ཡོད་གནས་ཚུལ་བརྗོད་དགོས་པ་རེད་བསམ་སོང་། རྒྱུ་མཚན་ནི་ངས་ནོར་འཁྲུལ་གང་ཡང་བསྒྲུབས་མེད། ངས་དངོས་བདེན་རང་སྒྲུབ་ཀྱིན་ཡོད།  དེར་བརྟེན། ང་རྒྱ་ནག་ལ་ཕྱིར་སྤྲོད་མ་བྱེད་རོགས་ཞེས་ཁོ་ཚོར་བཤད་པ་ཡིན།  ང་འདིར་ཡོང་དོན་ནི་རྒྱ་ནག་ཏོག་དབྱིབས་ནད་དུག་གི་དངོས་ཡོད་གནས་ཚུལ་སྐོར་བརྗོད་དུ་ཡོང་བ་ཡིན།  ཁྱེད་ཚོས་ང་ལ་ཁག་ཐེག་གནང་རོགས།   དེ་ལྟར་མ་བྱས་ཚེ་རྒྱ་གཞུང་གིས་ང་རང་དམར་གསོད་གཏོང་ངེས་རེད་ཅེས་བཤད་པ་ཡིན། ཉེན་རྟོག་པ་དེ་དག་ཧ་ལས་འདུག”

ཁོ་མོས་བཤད་ན།  ཨ་རིའི་བདེ་སྲུང་མི་སྣས་(FBI)ཁོ་མོར་ཆུ་ཚོད་འགའི་རིང་འདྲི་གཅོད་བྱས་ཡོད་འདུག  བདེན་དཔང་ཆེད་ཁོ་མོའི་ལག་འཁྱེར་ཁ་པར་ཉར་ཚགས་བྱས་རྗེས།  ཁོ་མོ་མུ་མཐུད་འགྲུལ་བཞུད་བྱ་ཆོག་པའི་བཀའ་ཁྲོལ་གནང་འདུག  ཧོང་ཀོང་གི་གནས་སྟངས་ནི་དེ་ལས་ལྡོག་སྟེ་རྣམ་པ་གཞན་ཞིག་ཆགས་ཡོད་པ་རེད།

“ང་རང་ཧོང་ཀོང་དང་ཁ་བྲལ་ནས་ཆུ་ཚོད་འགའི་རྗེས་ཏེ།  ང་རང་གནམ་གྲུའི་ནང་འཕུར་བསྐྱོད་བྱེད་ཀྱིན་སྐབས་སུ། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་འགུལ་བསྐྱོད་བྱས་འདུག   ཐ་ན་རྒྱ་གཞུང་བདེ་སྲུང་ལྷན་ཁང་གི་མི་སྣ་ངའི་ཕ་ཡུལ་ཆིན་ཏའོ་རུ་བསྐྱོད་དེ་ངའི་ནང་མིར་དཀའ་རྙོག་བཟོས་འདུག”

སྨན་པ་ལིས་ལགས་ཀྱི་ལས་མིའི་ཐོ་གཞུང་དང་ཡིག་ཟམ་གློ་བུར་ནག་བསུབ་བཏང་འདུག ཁོ་མོས་བཤད་ན། ཚུར་ཡོང་དུས་ལོ་མཇུག་གུང་གསེང་བླངས་ཏེ་བསླེབས་འདུག  དེ་རྗེས་དྲ་ཐོག་ནས་ཁོ་མོར་ཚུར་རྒོལ་བྱ་རྒྱུ་མགོ་བརྩམས་འདུག

“ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་ནས་རྒྱ་གཞུང་གིས་ང་ལ་དྲ་ཐོག་ནས་ཚུར་རྒོལ་བྱེད་མགོ་བརྩམས་སོང་། དྲ་དམག་བརྒྱབ་པ་ལྟར་འཕྲུལ་སྒྲ་(Twitter)བརྒྱུད་ནས་ཚུར་རྒོལ་བྱས་བྱུང་། དེ་སྔོན་ངས་རང་ཉིད་ཀྱི་ཐོབ་ཐང་ཕྱིར་བསྒྲགས་བྱས་མྱོང་མེད། ང་རང་སྤྱི་ཚོགས་འདུ་འཛོམས་བྱེད་སར་འགྲོ་མྱོང་མེད། འབྲེལ་ཡོད་སྡེ་ཁག་ཁོ་ནས་མ་གཏོགས་ང་སུ་ཡིན་པ་ཤེས་ཀྱིན་མེད། ཁོ་ཚོས་བཤད་ཡམས་སྣ་ཚོགས་སྤེལ་ཐབས་བྱས་སོང་། ང་ལ་མིང་ཆད་ངན་པ་བཟོ་ཐབས་དང་ངས་སྐད་ཆ་རྫུན་མ་ཤོད་ཀྱིན་ཡོད་སྐོར་བརྒྱུད་སྤེལ་བྱས་ཡོད་པ་རེད།  དེར་མ་ཟད། ཁོ་ཚོས་ངའི་རྒྱ་ཡིག་གི་མིང་ཡཱན་མན་ལིས་དང་ང་རང་སྒེར་གྱི་གནས་ཚུལ་ཁག་ཅིག་བེད་སྤྱད་ནས་ངོ་དེབ་རྫུན་མ་ཞིག་བཟོས་ཏེ།  ང་ཨ་རིར་འཇུ་བཟུང་བྱས་ཟིན་སྐོར་མང་ཚོགས་ལ་བསྒྲགས་པ་དང་། ངས་རྫུན་བཤད་ཀྱིན་ཡོད་པ་དང་ང་རང་ཀླད་པ་ཐང་ཐང་མེད་སྐོར་སོགས་བརྗོད་ཡོད་པ་རེད།  དེ་བཞིན། ཧོང་ཀོང་སློབ་ཆེན་གྱིས་གཞུང་འབྲེལ་དྲ་བར་ནང་འཛུལ་བྱེད་སྤྱད་ཀྱི་ངའི་ཐོ་མིང་སྒོ་བརྒྱབ་པ་དང་། གཞུང་འབྲེལ་དྲ་བའི་སྟེང་གི་ངའི་དྲ་ངོས་ཀྱང་ནག་བསུབ་བཏང་འདུག  གལ་སྲིད་གནས་ཚུལ་དེའི་རིགས་མང་ཚོགས་ཁྲོད་ཁྱབ་པ་ཡིན་ན། ཁོ་ཚོས་རྫུན་གཏམ་སྣ་ཚོགས་སྤེལ་ཏེ་ང་ལ་སྔར་ལྷག་ཚུར་རྒོལ་བྱ་རྒྱུ་ཡིན་པ་གཏན་ཁེལ་ནས་བཤད་ཐུབ་པ་ཞིག་རེད།”

ཧོང་ཀོང་ཉེན་རྟོག་པས་ཧྥོ་ཁི་སི་གསར་ཁང་ལ་སྨན་པ་ཁོ་མོ་ད་ལྟ་ལས་མིའི་ཁྲོད་མེད་སྐོར་བརྗོད་འདུག  ཡིན་ནའང་། ཁོ་མོ་དུས་ནམ་ཞིག་ལ་རྒྱུ་མཚན་ཅི་ཞིག་གི་རྐྱེན་པས་ཕྱིར་འབུད་བྱས་པའི་ཐད་ལན་འདེབས་གང་ཡང་བྱས་མེད་པ་རེད།  ཁོ་མོས་རང་ཉིད་ཀྱི་ངོ་ཤེས་པའི་མི་ཚང་མར་ད་ལྟའི་ཆར་ཉེན་ཁ་ཡོད་པར་ངོས་འཛིན་གྱི་འདུག

“རང་ཉིད་ཀྱི་བདེ་འཇགས་ཐད་སེམས་ཁྲལ་ཡོང་བ་ནི་བཤད་མ་དགོས་པ་ཞིག་རེད། དེ་བཞིན། ངའི་ནང་མི་དང་གྲོགས་པོ། ང་ལ་གནས་ཚུལ་མཁོ་འདོན་གནང་མཁན་གྱི་མི་རྣམས་བཅས་ལའང་སེམས་ཁྲལ་འདུག  སྨན་པ་དང་དཔོན་རིགས། ཞིབ་འཇུག་ཁང་གི་མི་སྣ་དང་ཞིབ་འཇུག་པ། ཚན་རིག་པ་སུ་ཡིན་ཡང་གནས་སྟངས་དེ་གསལ་པོ་མཁྱེན་གྱི་ཡོད་རེད། ཁོ་ཚོས་ང་ལ་ཡིད་ཆེས་བྱེད་ཀྱིན་ཡོད་རེད། ངས་ཁོ་ཚོར་ཁག་ཐེག་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ཆགས་ཡོད་པ་རེད། ཁོ་ཚོ་ཚང་མ་བཀག་སྡོམ་ལྟ་རྟོགས་འོག་དཀའ་རྙོག་ཁྲོད་ཚུད་ཡོད་པ་རེད། ངའི་ནང་མིར་ཉི་མ་རེ་རེ་བཞིན་ཚེ་སྲོག་གི་ཉེན་ཁ་འཕྲལ་གྱིན་ཡོད་པ་རེད།”

ཁོ་མོས་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཉེན་ཁའི་ཁྲོད་ཚུད་ཡོད་པར་ཡིད་ཆེས་བྱེད་ཀྱིན་འདུག  ཁོ་མོས་ད་ནི་དུས་ཚོད་མང་པོ་ལྷག་མི་འདུག  འཛམ་གླིང་མི་ཚང་མས་ལམ་ཁ་མ་ནོར་བ་ཞིག་བདམས་དགོས་ཀྱི་འདུག་ཅེས་བཤད་ཀྱིན་ཡོད་པ་རེད། 

“ སྤྱི་ཚོགས་རྒྱང་བཅད་ཡག་ཤོས་མུས་ཁྲིར་ ༢ ་དང་། ཆང་རག་འདུས་ཚད་བརྒྱ་ཆ་ ༧༠ ཅན་གྱི་ལག་པ་གཙང་སེལ་བྱས་ན་འགོག་སྲུང་ནུས་པ་ཡག་པོ་འཐོན་ཐུབ། མི་ཚོགས་འདུ་འཛོམས་སར་ངེས་པར་དུ་ཁ་རས་གྱོན་དགོས། སྨན་པའི་ཉེར་སྤྱོད་ཁ་རས་ཀྱི་རིགས་སྤྱོད་རྒྱུ་གལ་ཆེ།  འདི་ནི་འཛམ་གླིང་མི་མང་ཡོངས་ཀྱི་བདེ་འཇགས་ཆེད་གཞེན་སྐུལ་ཞུས་པ་ཡིན།  འདི་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་མ་རེད། ང་ཚོ་མི་ཡོངས་རྫོགས་གནས་ཚུལ་དེའི་ཁྲོད་ཚུད་བསྡད་ཡོད་རེད།  ཆབ་སྲིད་ཚོགས་པ་སུ་ཡིན་ཞིག་ཡིན་ན་རེད། རྒྱལ་ཁབ་སུ་ཞིག་ཡིན་ནའང་རེད། གལ་ཆེ་ཤོས་མི་དམངས་ཀྱིས་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས།  ཁོ་ཚོས་རང་ཉིད་སྲུང་སྐྱོབ་བྱ་ཤེས་དགོས་པ་དེ་རེད།  ཁྱོད་ཀྱིས་ངེས་པར་དུ་རྒྱ་ནག་ནང་ནད་པ་ག་ཚོད་ཅིག་ཡོངས་བསྒྲགས་ཐོ་འགོད་བྱས་མེད་པ་ཚོད་དཔགས་བྱ་དགོས།  གལ་སྲིད་འཛམ་གླིང་སྒང་མི་གྲངས་དུང་ཕྱུར་ ༦༠ ལྷག་ཡོད་པའི་ནང་། མི་ ༦༠༠ ཁྲོད་ནས་མི་རེར་ནད་དུག་བྱུང་ཡོད།  ད་དུང་འགོས་ཁྱབ་ཚད་ཧ་ཅང་མགྱོགས་མྱུར་གྱིས་འཕེལ་བཞིན་ཡོད་པ་རེད། ཚོད་དཔགས་ཤིག་བྱོས་དང་། ཉིན་ཞིག་འཛམ་གླིང་སྒང་མི་ ༡༠༠ རེའི་ཁྲོད་ནས་ནད་པ་རེ་འབྱུང་སྲིད་པ་དང་། དེ་རྗེས། མི་ ༥༠ ཁྲོད་ནས་ནད་པ་གཅིག་རེ། དེ་ནས་མི་ ༡༠ རེའི་ཁྲོད་ནད་པ་རེ་འབྱུང་སྲིད་པ་རེད། དེ་ཡིས་ང་ཚོ་ནད་དུག་འདི་ལས་གཡོལ་ཐབས་མེད་པ་མཚོན་གྱིན་ཡོད།  ལྷག་པར་ད་རེས་ཚོ་ཁག་གང་རུང་ཞིག་ལ་ནད་དུག་འདི་འགོས་ཁྱབ་མི་ཡོང་བའི་རེ་བ་མ་རྒྱག  རྒྱུ་མཚན་ནི་ཁྱོད་ཀྱིས་ནད་དུག་དེའི་ངོ་བོ་ག་འདྲ་ཡིན་མིན་རྩ་བ་ནས་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད། དེ་སྔའི་ང་ཚོས་ཉམས་མྱོང་དག་གཞིར་བཟུང་སྟེ་ནད་དུག་འདིའི་ངོ་བོ་ཐག་གཅོད་བྱ་ཐུབ་པ་ཞིག་མ་རེད།  གནས་སྐབས་རིང་ང་ཚོས་ནད་དུག་འདིར་འགོག་སྨན་བཟོ་ཐུབ་རྒྱུ་དང་གློ་བུར་བའི་བྱེད་ཐབས་ལེགས་པོ་ཞིག་རྙེད་ཐུབ་རྒྱུར་རེ་བ་མ་བྱེད།  ང་ཚོས་བསྒྲུབ་ཐུབ་པ་ཞིག་ཡོད་པ་ནི།  ནད་དུག་དེ་ཇི་ལྟར་འགོས་ཁྱབ་བྱུང་བའི་བརྒྱུད་རིམ་ཐད་ལ་ཞིབ་འཇུག་མ་ནོར་བ་ཞིག་བྱ་རྒྱུ་དེ་རེད། དེ་བཞིན། རང་ཉིད་དང་ནང་མི། གྲོགས་པོ་བཅས་སོ་སོའི་ཉེ་འགྲམ་གྱི་མི་ཚང་མར་སྲུང་སྐྱོབ་མ་ནོར་བ་ཞིག་བྱ་རྒྱུ་དང་།   ངས་འཛམ་གླིང་ལ་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པའི་དོན་རྩ་ཡང་འདི་ཡིན། གནས་སྟངས་དེ་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་རྒྱུ་ནི་ང་ཚོ་མི་ཚང་མར་ཧ་ཅང་གནད་འགག་ཆགས་ཡོད།”

གསལ་བཤད།  གོང་གི་བཅར་འདྲི་འདི་ནི་བོད་ཡིག་ཁོ་ནའི་ཐོག་ནས་གནས་ཚུལ་ཤེས་རྟོགས་བྱེད་མཁན་ཚོར་དམིགས་ཏེ་བསྒྱུར་བ་ཡིན།  བསྒྱུར་བྱའི་མ་ཡིག་ནི་ཞིན་ཐང་རན་བརྙན་འཕྲིན་གསར་ཁང་གིས་རྒྱ་ཡིག་ཏུ་བསྒྱུར་བའི་བརྙན་ཡིག་གཞིར་བཟུང་ཕབ་བསྒྱུར་བྱས་ཁུལ་ཡིན་ལ། ལས་བྲེལ་གྱི་དབང་གིས་ཞིབ་ཚགས་པོ་ཞིག་བསྒྱུར་ཐུབ་མ་སོང་། མ་ཡིག་ལ་ཞིབ་ལྟ་བྱ་འདུན་ཡོད་རིགས་ཚོས་གཤམ་གསལ་དྲ་ཐག་བརྒྱུད་བརྙན་རིས་ལ་གཟིགས་རོགས་ཞུ།

མ་ཡིག་གི་དྲ་ཐག  https://www.youtube.com/watch?v=n2E0raFVsrg

ཟུར་མཆན།

༡༽ ཚོན་མདོག་སྔོན་པོ་ཅན་གྱི་ཚན་པ་དག་ནི་ཧྥོ་ཁི་སི་གསར་ཁང་འགྲེལ་བརྗོད་ཡིན།

༢༽ འདྲེན་རྟགས་ “   ”ནང་བཀོད་པའི་ཚན་པ་ཁག་ནི་འབུམ་རམས་པ་ལིས་ལགས་ཀྱི་སྐད་ཆ་ཡིན།

༣༽ གུག་རྟགས་ ()་ནང་བཀོད་པའི་ཡིག་ཆུང་རིགས་ནི་གནས་ཚུལ་གོ་བདེ་བོ་ཡོང་ཆེད་ཟུར་འགྲེལ་བཀོད་པ་ཡིན།

བསྐྱར་བཅོས།: ༢༠༢༠/༠༧/༡༣

Leave a Reply

One thought on “རྒྱ་ནད་གསང་སྦེད་མ།