རྒྱ་གཞུང་གི་ཁ་གཏད་སློབ་དཔོན་ཞུ་ཀྲང་རིན་ལྟ་རྟོག་འོག་བཞག་ཡོད་འདུག

རྒྱ་ནག་ཆིན་ཧྭ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་དཔོན་དང་ཆབ་སྲིད་དཔྱད་བརྗོད་པ་གྲགས་ཅན་ཞུ་ཀྲང་རིན་ལགས་རང་ཁྱིམ་དུ་ལྟ་རྟོག་འོག་བཞག་ཡོད་འདུགརྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཆིན་ཧྭ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་དཔོན་གྲགས་ཅན་ཞུ་ཀྲང་རིན་(Xu Zhangrun) ཉིན་དྲུག་རིང་འཛིན་བཟུང་བཀག་ཉར་བྱས་ཏེ། ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོར་རང་ཁྱིམ་དུ་བཏང་ཡོད་ཀྱང་། བཀག་ཉར་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱ་མི་ཆོག་པའི་ཉེན་བརྡ་བཏང་ནས་ཁོང་དོགས་ཟོན་ལྟ་རྟོག་འོག་བཞག་ཡོད་འདུག

ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་ལ་སློབ་དཔོན་ཞུ་ཀྲང་རིན་གྱི་བློ་ཐག་ཉེ་བའི་གྲོགས་པོ་རྩོམ་པ་པོ་ཝང་པིན་ (Wang Bin) གྱིས། ངས་ཤེས་རྟོགས་བྱུང་བ་ལྟར་ན། ཞུ་ལགས་སྔ་དྲོའི་ཆུ་ཚོད་ ༧།༣༠ ཙམ་ལ་ནང་དུ་འབྱོར་ཏེ། གཟུགས་པོ་བཀྲུས་ནས་ངལ་གསོས་སོང་། ཞེས་དང་། ཁོ་རང་བདེ་པོ་རེད། ངས་བསམ་པར་ཁོང་གིས་ཕྱིས་སུ་དེའི་སྐོར་གྱི་གནས་ཚུལ་ཞིབ་པར་བཤད་རྒྱུ་རེད། ཅེས་བརྗོད་འདུག འོན་ཀྱང་ད་ལྟའི་ཆར་རྒྱ་ནག་ཉེན་རྟོག་ལས་ཁུངས་ངོས་ནས་སློབ་དཔོན་ཞུ་རང་ཁྱིམ་དུ་བཏང་བའི་སྐོར་ལ་གནས་ཚུལ་གང་ཡང་སྤེལ་མེད་འདུག

ད་ལྟ་རང་ལོ་ ༥༧ ཡིན་པའི་རྒྱ་ནག་གི་མིང་གྲགས་ཆེ་བའི་ཆིན་ཧྭ་གཙུག་ལག་སློབ་གྲྭ་ཆེན་མོའི་རྩ་ཁྲིམས་སློབ་དཔོན་དང་། དུས་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཤུགས་ཆེན་སྤེལ་མཁན་ཞུ་ཀྲང་རིན་ཟླ་འདིའི་ཕྱི་ཚེས་ ༦ ཉིན་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་ཅིང་། ཕྱིས་སུ་ཉེན་རྟོག་པས་ཞུའི་སྐུ་ཟླར་ཁོང་གིས་ཁྲིན་ཏུའུ་གྲོང་ཁྱེར་དུ་སྨད་ཚོང་གི་བྱ་བ་ནང་ཞུགས་པའི་དོགས་གཞི་འོག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག་ཀྱང་། སློབ་དཔོན་ཞུ་ཀྲང་རིན་གྱི་གྲོགས་པོ་ཞིག་གིས་དེ་ནི་ཉེས་མེད་ཉེས་འཛུགས་ཙམ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

འདས་ལོར་སློབ་དཔོན་ཞུ་ཀྲང་རིན་གྱིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་རྒྱལ་ཡོངས་མི་མང་ཚོགས་ཆེན་གྱིས་རྒྱ་ནག་གི་སྲིད་འཛིན་ལས་ཡུན་གཉིས་ཀྱི་ཁྲིམས་ཡིག་རྩིས་མེད་ཀྱིས་སྲིད་འཛིན་དུས་ཡུན་ངེས་མེད་བཟོས་པའི་ཐག་གཅོད་དེ་དང་། སྲིད་འཛིན་ཞི་ཅིན་ཕིན་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བསྟུད་མར་སྤེལ་བར་བརྟེན། ཆིན་ཧྭ་སློབ་གྲྭ་ཆེན་མོས་ཁོང་ལ་འཆད་འཁྲིད་དང་ཞིབ་འཇུག་ལས་གཞིའི་ནང་ཞུགས་རྒྱུ་བཀག་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༢ པའི་ནང་སློབ་དཔོན་ཞུ་ཡིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐད་ཀར་སྐྱོན་བརྗོད་གནང་བའི་རྩོམ་ཡིག་ཅིག་དང་། གཞན་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་སྔ་ནུབ་དེར། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྟངས་འཛིན་ལེགས་པོ་བྱས་མེད་པ་དང་། རྒྱ་ནག་གི་མགོ་འཁྲིད་ཚོས་མི་མང་ལ་དགོངས་སེལ་ཞུ་དགོས་པ། སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་བྱུས་དག་རིག་གནས་གསར་བརྗེའི་དུས་སྐབས་སུ་ཕྱིར་ལོག་བྱེད་བཞིན་ཡོད་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་། རྩོམ་ཡིག་དེ་དག་ལ་མང་ཚོགས་ཁྲོད་དུ་གདེང་འཇོག་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པར་བརྟེན། དབྱེ་ཞིབ་པ་འགས་ད་ཐེངས་ཁོང་འཛིན་བཟུང་བཀག་ཉར་བྱས་དགོས་དོན་ཡང་རྩོམ་ཡིག་དེ་དག་གི་རྐྱེན་པས་ཡིན་སྐོར་རྗོད་བཞིན་འདུག

ཉེ་བའི་ཆར་རྒྱ་ནག་གཞུང་གིས་འཇིགས་སྐུལ་བཀག་ཉར་བྱས་པའི་རྒྱ་ནག་གི་ཤེས་ཡོན་པ་ནི་སློབ་དཔོན་ཞུ་ཀྲང་རིན་ཁོ་ན་མ་ཡིན་ཏེ། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཧྲང་ཧེ་ (Shanghai) དུ་གནས་སྡོད་རྒྱ་རིགས་ཆེད་མཁས་པ་ཀྲང་ཞེ་ཀྲོང་ (Zhang Xuezhong) གིས་རྒྱ་ནག་དམངས་ཆེན་འཐུས་མི་རྣམས་ལ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་སྟངས་འཛིན་བྱེད་ཐབས་ལ་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་ལ་བཅོས་བསྒྱུར་དགོས་པའི་ཞུ་སྐུལ་འཕྲིན་ཡིག་ཅིག་བསྐུར་པར་བརྟེན། ཉེན་རྟོག་པས་ཁོང་རང་ཁྱིན་ནས་འཛིན་བཟུང་བྱས་ཏེ་ཉིན་གཅིག་རིང་བཀག་ཉར་བྱས་ཡོད་པ་རེད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ནང་ཧུའུ་པའེ་གཙུག་ལག་སློབ་ཆེན་གྱི་རྒྱ་ཡིག་རྩོམ་རིག་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ལེང་ཡན་ཕིན་ (Liang Yanping) གྱིས། རྒྱ་ནག་གི་རང་དབང་རྩོམ་པ་པོ་ཧྥང་ཧྥང་(Fang Fang)གིས་བཟོས་པའི་ཝུ་ཧན་གྱི་ཉིན་ཐོ་ཞེས་པའི་གློག་བརྙན་དེར་རྒྱབ་སྐྱོར་བྱས་པར་བརྟེན། དྲ་ལམ་ནས་ཁོང་མོར་སྐྱོན་བརྗོད་དང་སྡིགས་སྐུལ་བྱེད་མཁན་མང་པོ་བྱུང་ཡོད་ཅིང་། ཡང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཁོང་མོས་ཧོང་ཀོང་གི་གཞུང་རྒོལ་དམངས་གཙོའི་ལས་འགུལ་བ་རྣམས་ལ་སེམས་གསོ་བྱས་པར་བརྟེན། ཁོང་མོར་ཧུའུ་པའེ་སློབ་ཆེན་ནང་འཆད་འཁྲིད་བྱེད་དུ་བཅུག་མེད་པ་མ་ཟད། ཏང་གི་ཚོགས་མི་ནས་ཕྱིར་འཕུད་བཏང་ཡོད་འདུག

སློབ་དཔོན་ཆེན་མོ་ཞུ་ཀྲང་རིན་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་ཨན་ཧེ་ (Anhui) ཞིང་ཆེན་གྱི་གྲོང་གསེབ་ཅིག་ཏུ་སྐྱེས་ཤིང་། རྒྱ་ནག་ལྷོ་ནུབ་སྤྱི་ཚོགས་ཚན་རིག་དང་ཁྲིམས་ཀྱི་སློབ་གྲྭ་ཆེན་མོ་ (Southwest University of Political Science and Law) ནས་རབ་འབྱམས་པ་དང་། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་དང་ཁྲིམས་ཀྱི་སློབ་གླིང་ (China University of Political Science and Law) ནས་དངོས་གཞི་སློབ་མ་ཐོན་ཏེ། ཨོ་གླིག་གི་མེལ་བྷོན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ (University of Melbourne) ཁྲིམས་ཀྱི་ཐོག་ལ་འབུམ་རམས་པ་ཐོན། ད་བར་ཁྲིམས་ལུགས་ཀྱི་མཚན་ཉིད་རིག་པའི་སྐོར་ཀྱི་དཔེ་དེབ་འགའ་ཤས་པར་བསྐྲུན་བྱས་ཡོད་པ་དང་། འདས་པའི་ལོ་ ༢༠ ལྷག་གི་རིང་ཞི་ཅིན་ཕིན་ཚུད་པའི་རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་མི་ཉུང་བ་ཞིག་གིས་འགྲིམས་མྱོང་བའི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཁྲིམས་ཀྱི་སློབ་དཔོན་ཆེན་མོ་གནང། ཞུ་ཡིས་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་གཞུང་ལ་ཡོངས་གྲགས་ཐོག་ནས་སྐྱོན་བརྗོད་ཀྱི་རྩོམ་ཡིག་བསྟུད་མར་སྤེལ་བའི་རྐྱེན་གྱིས། རྒྱ་ནག་གི་སྤྱི་ཚོགས་ཁྲོད་དུ་གདེང་འཇོག་དང་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། ཁོང་གི་རྩོམ་ཡིག་ཁྲོད་ནས་སྐད་གྲགས་ཆེ་ཤོས་ནི། ཕྱི་ལོ་ ༢༠༡༨ ལོར་སྤེལ་བའི་ང་ཚོའི་མིག་སྔར་འཕྲད་པའི་འཇིགས་སྣང་དང་རེ་བ་ (Imminent Fears, Immediate Hopes) ཞེས་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་སྤེལ་བའི་ཁོང་ཁྲོ་ལངས་པའི་མི་མང་རྣམས་ད་དུང་སྐྲག་ནས་སྡོད་ཀྱི་མ་རེད་ (Viral Alarm: When Fury Overcomes Fear) དང་། ཁོང་གི་རྩོམ་ཡིག་གསར་ཤོས་འཛམ་གླིང་དཔལ་ཡོན་གྱི་རྒྱ་མཚོའི་ཀློང་དུ་ཁེར་རྐྱང་དུ་ལུས་པའི་རྒྱ་ནག་གི་གྲུ་གཟེངས (China as a Lone Ship on the Vast Ocean of World Civilisation) ཞེས་པ་དེ་ཡིན།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༣

Leave a Reply