བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་གླུ་ཚིག་བྲིས་པར་རྒྱལ་ཁབ་མགོ་རྟིང་སློག་ཐབས་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པའི་ཉེས་མིང་འོག་ལོ་ ༧ དང་གཞས་དེ་ལེན་མཁན་ལ་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད།

དེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕ་ཡུལ་བོད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་ཡུལ་ཚོ་རྡོ་དཀར་སྡེ་བ་ནས་ཡིན་པའི་བོད་རིགས་ན་གཞོན་མཁའ་འགྲོ་ཚེ་བརྟན་ཞུ་བ་ཞིག་གིས། ཕྱི་ལོ་ ༢༠༡༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གླུ་ཚིག་ཅིག་བྲིས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་མགོར་ཁོང་དང་ཁོང་གི་གླུ་ཚིག་ལེན་མཁན་གླུ་བ་ཚེ་རྒོ་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་མཁའ་འགྲོ་ཚེ་བརྟན་ལ་ལོ་ ༧ དང་། གླུ་བ་ཚེ་རྒོ་ལ་ལོ་ ༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མཁའ་འགྲོ་ཚེ་བརྟན་ལགས་ལ་མཚོན་ན། དེ་སྔ་ཕྱི་ལོ་ ༢༠༡༠ ལོར་རེབ་གོང་ནས་སློབ་མ་ཚོས་སྐད་ཡིག་རང་དབང་གི་ཡར་ལངས་བྱུང་རྗེས།  ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ནང་དེ་དང་འབྲེལ་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༧ པ་བར་བཀག་ཉར་བྱས་ཡོད་པ་དང་། ཁོང་བཙོན་ཁང་ནས་ཀློད་གྲོལ་བཏང་རྗེས་ཕྱི་ལོ་ ༢༠༡༨ བར་འགྲོ་འདུག་རང་དབང་མེད་པ་དང་། སྤྱི་ཚོགས་སྟེང་བྱ་བ་གང་མང་ཞིག་སྒྲུབ་མི་ཆོག་པ་མ་ཟད་ཁོང་གི་ཐོབ་ཐང་ལག་འཁྱེར་རྩིས་མེད་དང་། དེ་ནས་བཟུང་ཁོང་སློབ་གྲྭར་འགྲོ་མ་ཆོག་པར་རང་ཁྱིམ་དུ་སྡོད་དགོས་བྱུང་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། ཕྱི་ལོ་ ༢༠༡༩ ལོར་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གླུ་ཚིག་ཅིག་བྲིས་པ་ཡུལ་དེའི་གཞས་པ་ཞིག་གིས་རྡུང་ལེན་གྱི་ལམ་ནས་བླངས་རྗེས། ཡུལ་དེའི་ནག་ལྡོང་སྡེ་བའི་བུ་མོ་ཞིག་གིས་གླུ་གཞས་རྡུང་ལེན་དེ་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་ཁག་ལ་བརྒྱུད་སྐུར་བྱས་རྗེས། ལོ་དེར་གླུ་ཚིག་རྩོམ་མཁན་དང་ལེན་མཁན། བརྒྱུད་སྐུར་བྱེད་མཁན་གསུམ་འཛིན་བཟུང་བྱས་ཡོད་པ་དང་། ནག་ལྡོང་སྡེ་བའི་བུ་མོ་ལོ་གཅིག་ཙམ་རིང་བཀག་ཉར་བྱས་རྗེས་ཀློད་ཡོད་ཀྱང་། མཁའ་འགྲོ་ཚེ་བརྟན་དང་གླུ་བ་ཚེ་རྒོ་གཉིས་ལ་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་།
གནས་ཚུལ་མཁོ་སྤྲོད་པས་མཁའ་འགྲོ་ཚེ་བརྟན་ལགས་ལ་མཚོན་ན། ནམ་རྒྱུན་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས་ཧ་ལས་ཡོད་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཀློད་གྲོལ་ཐོབ་རྗེས་ཁོང་སློབ་གྲྭ་དང་སྤྱི་ཚོགས་ཐོག་ལས་གཉེར་བྱེད་མ་བཅུག་སྟབས། ནང་ནས་བཟའ་ཟླ་ཞིག་བླངས་ནས་བསྡད་ཡོད་པ་དང་། ད་ལྟ་ཁོང་ལ་བྱིས་པ་ཞིག་ཀྱང་ཡོད་པ་རེད། ཐེངས་འདིར་གཙོ་བོ་ཁོང་ལ་རྒྱལ་ཁབ་མགོ་སྟེང་སློག་པའི་ཉེས་མིང་འོག་ལོ་ ༥ དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པའི་ཉེས་མིང་འོག་ལོ་ ༢ བཅས་ཁྱོན་ལོ་ ༧ གྱི་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་།

གནས་ཚུལ་འདི་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད་པ་མ་ཟད། འབྲེལ་ཡོད་ནས་ཕྱིའི་གསར་ལམ་ཁག་ཏུ་ཕྱིར་བསྒྲགས་བྱེད་དགོས་བསམ་ཡོད་ཀྱང་། ཡུལ་མི་ཚོས་ཕྱི་ལོག་གི་གསར་ལམ་ཁག་ཏུ་བཤད་པ་ཡིན་ན། མཁའ་འགྲོ་ཚེ་བརྟན་ལགས་དང་ཁོང་གི་ནང་མི་ཚོར་སྡུག་པོ་གཏོང་རྒྱུ་ཡིན་པའི་ཐེ་ཚོམ་འོག་བཤད་ཕོད་མེད་པ་དང་། ཐེངས་འདིར་ཁོང་གི་ནང་མི་དང་སྤུན་མཆེད་ཚོས་གནས་ཚུལ་དེའི་སྐོར་བཤད་མ་ཕོད་པར། འབྲེལ་ཡོད་གཞན་ཞིག་བརྒྱུད་ནས་གནས་ཚུལ་ལེན་དགོས་བྱུང་བས། ནག་ལྡོང་སྡེ་བའི་བུ་མོའི་མིང་དང་གནས་ཚུལ་གཞན་ཁག་ཅིག་གསལ་ཁ་བྱུང་ཐུབ་མེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༡༣

Leave a Reply