རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲཊ་ཅན་ཨ་མེ་ཏབ་བྷ་ཅན་ལ་ཏོག་དབྱིབས་ནད་རྟཊ་ཐོན།

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པའི་ཡབ་ཆེན་དུ་གྲགས་པའི་ཨ་མེ་ཏབ་བྷ་ཅན་དང་ཁོའི་བུ་ཡི་བཟའ་མི་གསུམ་བཅས་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་གྱི་ཡབ་ཆེན་དུ་གྲགས་པ་ཨ་མེ་ཏབ་བྷ་ཅན་ (Amitabh Bachchan) དང་ཁོའི་བུ་ (Abhishek Bachchan) གཉིས་ལ་ཏོག་དབྱིབས་ནད་རྟགས་ཐོན་ཏེ་སྨན་ཁང་དུ་ཡོད་པ་དང་།  བུའི་བཟའ་ཟླ་ཕྱི་ལོ་༡༩༩༤ ལོར་འཛམ་གླིང་གི་མཛེས་པའི་རྒྱལ་ཁ་ཐོབ་པའི་ཨ་ཤི་ཝ་རི་ཡ་རའེ་བྷ་ཅན་ (Aishwarya Rai Bachchan) དང་། ལོ་བརྒྱད་ཙམ་ཡིན་པའི་ཁོང་གཉིས་ཀྱི་བུ་མོ་ལའང་ནད་རྟགས་ཐོན་ཏེ་རང་ཁྱིམ་དུ་ཟུར་བཀག་བྱས་ཡོད་འདུག

གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེ་ཏབ་བྷ་ཆན་ (Amitabh Bachchan) གྱི་བུ་ཨ་བྷི་ཤེག་བྷ་ཅན་ (Abhishek) གྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊུའུ་ཊར་སྟེང་། ཁོང་གི་བཟའ་ཟླ་ཨ་ཤི་ཝ་རི་ཡ་རའེ་བྷ་ཅན་ (Aishwarya Rai Bachchan) དང་བུ་མོ་ཨཱ་ར་དྷ་ཡ་ (Aaradhya) གཉིས་ལའང་ཏོག་དབྱིབས་ན་ཚ་འགོས་ཡོད་པ་དང་། ཁོང་གཉིས་རང་ཁྱིམ་དུ་ཟུར་བཀག་བྱེད་བཞིན་ཡོད་ནའང་། རང་ཉིད་ཀྱི་ཨ་མ་ཚུད་པའི་ཁྱིམ་མི་གཞན་རྣམས་ལ་ནད་རྟགས་ཐོན་མེད་པ་དང་། སེམས་ཁུར་དང་དྲག་སྐྱེད་འབྱུང་བར་སྨོན་འདུན་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག་ལ། ཡང་ཁོང་གིས། སྨན་ཁང་གི་ཐག་གཅོད་མ་བསླེབ་བར་དུ་ང་དང་ངའི་པཱ་ལགས་གཉིས་སྨན་ཁང་དུ་འདུག་དགོས། ཚང་མས་གཟབ་ནན་དང་བདེ་འཇགས་ངང་སྡོད་རྒྱུ་དང་། ཁྲིམས་སྒྲིག་ལ་མ་འགལ་བ་གནང་རོགས། ཞེས་བཀོད་འདུགཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་མེ་ཏབ་བྷ་ཆན་དང་ཁོང་གི་བུ་གཉིས་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་གཏན་འཁེལ་བྱས་ཏེ་རྒྱ་གར་གྱི་གྲོང་ཁྱེར་བྷོམ་བྷེའི་ནང་གི་ན་ན་ཝ་ཏི་ (Nanavati) སྨན་ཁང་དུ་འཁྲིད་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༢ ཉིན་སྨན་ཁང་དེས་ཁོང་གཉིས་ཀྱི་གནས་སྟངས་ཛ་དྲག་མིན་པ་དང་ནད་རྟགས་ཆེན་པོ་མེད་པ། ཁོང་གཉིས་ཀྱི་ནད་གཞིའི་སྐོར་སྒེར་གྱི་ཊུ་ཝེ་ཊར་ནང་བརྒྱུད་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

དགུང་ལོ་ ༧༧ ཙམ་ཡིན་པའི་རྒྱ་གར་གྱི་གློག་བརྙན་འཁྲན་སྟོན་པ་གྲགས་ཅན་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་གྱི་ཡབ་ཆེན་དུ་འབོད་པའི་ཨ་མེ་ཏབ་བྷ་ཆན་ལ་ཏོག་དབྱིབས་ནད་རྟགས་ཐོན་པ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་རྗེས། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོང་ལ་དགའ་མོས་བྱེད་མཁན་མང་པོས་གདུང་སེམས་མཉམ་སྐྱེད་དང་མྱུར་ཏུ་དྲག་སྐྱེད་ཡོང་བའི་སྨོན་འདུན་བསྐུར་གྱི་ཡོད་པ་མ་ཟད། རེ་འགས་ཧིན་རྡུའི་ལུགས་ཀྱི་ཆོས་ཕྱོགས་ཆོ་ག་བསྒྲུབས་ཏེ། ཁོང་དང་ཁོང་གི་ནང་མི་ཡོངས་མྱུར་ཏུ་དྲག་སྐྱེད་ཡོང་བའི་སྐྱབས་འཇུག་ཞུ་ཡི་ཡོད་འདུག

ཊུ་ཝེ་ཊར་སྟེང་ཁོང་ལ་དགའ་མོས་བྱེད་མཁན་ཇ་ཡན་ཏི་ས་ཐེ་ (Jayant Sathe) ཟེར་བ་ཞིག་གིས། ཧ་ཅང་འབྱོར་བ་ལྡན་ཞིང་སྒྱུ་རྩལ་ལ་མཁས་པ། གོ་རྟོགས་ཤིན་ཏུ་ལྡན་པའི་ཁྱིམ་ཚང་ཞིག་ལ་ཏོག་དབྱིབས་ནད་ཡམས་བྱུང་བ་ནི་ཧ་ལས་དགོས་པ་ཞིག་ཡིན་པ་དང་། ཁོང་རྣམས་དྲག་སྐྱེད་འབྱུང་རྒྱུ་ནི་མི་གྲངས་ས་ཡ་མང་པོའི་སྙིང་སྟོབས་དང་འབྲེལ་བ་ཡོད་པས། ང་ཚོས་ཁོང་ཁྱིམ་མི་ཡོངས་དྲག་སྐྱེད་འབྱུང་རྒྱུར་རེ་སྨོན་ཞུ་བ་ལས་ལྷག་མེད་པ་རེད། ཅེས་བཀོད་འདུག

གནས་ཚུལ་བྱུང་རྗེས་ཨ་མེ་ཏབ་བྷ་ཆན་གྱི་གྲོང་ཁྱེར་བྷོམ་བྷེལ་དུ་ཡོད་པའི་སྡོད་གནས་ལ་དུག་སེལ་བྱས་ཡོད་པ་དང་། ཁོང་གི་རླངས་འཁོར་འཇོག་ཁང་དང་རླངས་འཁོར་ལའང་དུག་སེལ་བྱས་ཡོད་འདུག་ལ། ཁོང་ནི་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱེད་པའི་བྱ་འགུལ་ཁྲོད་ཚབ་མཚོན་མི་སྣ་ཞིག་ཆགས་ཡོད་པ་དང་།  མི་མང་གིས་ཁ་རས་ངེས་པར་གྱོན་དགོས་པ་དང་། ལག་པ་ཡང་ཡང་བཀྲུ་བ། དེ་བཞིན་མི་ཚོགས་ཁྲོད་རྒྱང་ཐག་འཛིན་དགོས་པ་བཅས་ཀྱིས་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་བྱ་ཐུབ་སྐོར་གྱི་ཁྱབ་བསྒྲགས་ཀྱང་བྱས་ཡོད་པ་རེད།ཁ་སང་ཕྱི་ཚེས་ ༡༢ ཉིན་གཅིག་པུའི་ནང་རྒྱ་གར་ནང་ཏོག་དབྱིབས་ནད་རྟགས་ཅན་གྲངས་ ༢༨༧༠༡ བྱུང་རྗེས་ད་བར་དུ་ཁྱོན་ནད་རྟགས་ཅན་འབུམ་ ༨།༧ ལྷག་བྱུང་ཡོད་པ་དང་། ཁ་སང་གཅིག་པུར་མི་གྲངས་ ༥༠༠ ཙམ་འདས་གྲོངས་སུ་ཕྱིན་པ་བཅས་་ཁྱོན་མི་གྲངས་ ༢༣༡༧༤ འདས་གྲོངས་སུ་ཕྱིན་ཡོད་པ་རེད། རྒྱ་གར་གཞུང་གིས་བཀག་སྡོམ་ཅུང་ལྷོད་ཡོད་སྟབས། ཉེ་ལམ་ནས་བཟུང་རྒྱ་གར་གྱི་གློག་བརྙན་བཟོ་ལས་ཁང་ཁག་གིས་གློག་བརྙན་ཕབ་བསྐྲུན་གྱི་ལས་གཞི་ཁག་མགོ་འཛུགས་བྱས་ཡོད་ནའང་། ཨ་མེ་ཏབ་བྷ་ཅན་ཚུད་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ ༦༥ ཙམ་ནད་ཡམས་སྔོན་འགོག་ཆེད། གློག་བརྙན་འཁྲབ་སྟོན་བྱེད་པའི་ལས་གཞིའི་ནང་ཞུགས་མི་ཆོག་པ་བཟོས་ཡོད་འདུག

ཨ་མེ་ཏབ་བྷ་ཅན་ (Amitabh Bachchan) ནི་ཕྱི་ལོ་ ༡༩༤༢ ལོར་ཨུ་ཊར་མངའ་སྡེའི་ (Uttar Pradesh) ནང་རྒྱ་གར་གྱི་སྙན་ངག་པ་དང་རྩོམ་པ་པོ་ཧཱ་རི་ཝན་ཤི་རའེ་ཌ་བྷ་ཅན་ (Harivansh Rai Bachchan) དང་། སྤྱི་ཚོགས་ལས་འགུལ་བ་ཊི་ཇི་ཌ་བྷ་ཅན་ (Teji Bachchan) གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཁོང་གི་ཨ་མ་ནི་ཟློས་གར་རམ་འཁྲབ་སྟོན་ལ་དགའ་མོས་ཆེན་པོ་ཡོད་སྟབས། ཨ་མེ་ཏབ་བྷ་ཅན་ཡང་གློག་བརྙན་འཁྲབ་སྟོན་གྱི་ལམ་དུ་ཞུགས་ཡོད་འདུག ད་བར་དུ་ཁོང་གིས་གློག་བརྙན་གྲངས་ ༡༩༠ ལྷག་གི་ནང་འཁྲབ་སྟོན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༠ ནང་ཙམ་ལ་ཁོང་གིས་གློག་བརྙན་ (Zanjeer) དང་ (Deewaar) ། དེ་བཞིན་ (Sholay) བཅས་གསུམ་གྱི་ནང་འཁྲབ་སྟོན་བྱས་ཏེ་ཐོག་མར་སྐད་གྲགས་རྒྱས་མགོ་བཙུགས་ཡོད་འདུག ད་ལྟ་ཁོང་ལ་རྒྱ་གར་གློག་བརྙན་འཁྲབ་སྟོན་གྱི་ཡབ་ཆེན་ཏུ་འབོད་ཀྱི་ཡོད་པ་མ་ཟད། གློག་བརྙན་འཁྲབ་ཁྲིད་པ་དང་བརྙན་འཕྲིན་མདོ་འཛིན་པ། གཞས་པ་དང་ཆབ་སྲིད་མི་སྣ་བཅས་ཡིན་འདུག་ལ། རྒྱ་གར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་དང་རྒྱལ་སྤྱིའི་གཟེངས་རྟགས་སོགས་རྟགས་མ་མང་པོ་ཐོབ་མྱོང་ཡོད་འདུགརང་ལོ་ ༤༤ ཡིན་པའི་ཁོང་གི་བུ་ཨ་བྷི་ཤེག་བྷ་ཅན་ (Abhishek) ཀྱང་འཁྲབ་སྟོན་པའི་ལམ་དུ་ཞུགས་ནས་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ཨ་ཤི་ཝ་རི་ཡ་རའེ་བྷ་ཅན་ (Aishwarya Rai Bachchan) གྱིས་གློག་བརྙན་གྲངས་ ༥༠ གྱི་ནང་འཁྲན་སྟོན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོར་འཛམ་གླིང་གི་མཛེས་པའི་དབུ་རྒྱན་ཐོབ་མྱོང་ཞིང་། འཇིག་རྟེན་གྱི་ཆེས་བྱད་གཟུགས་ལེགས་པའི་བུད་མེད་ཅིག་ཏུ་ངོས་འཛིན་བྱས་ཡོད་ཡིན་པས། བྷ་ཅན་ཁྱིམ་ཚང་ནི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་ནང་ཤུགས་རྐྱེན་ཧ་ཅང་ཆེ་བའི་གྲས་ཀྱི་གཅིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༡༣

Leave a Reply

One thought on “རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲཊ་ཅན་ཨ་མེ་ཏབ་བྷ་ཅན་ལ་ཏོག་དབྱིབས་ནད་རྟཊ་ཐོན།