རྒྱ་གར་གྱི་ཁ་ཆེ་བར་ཁ་ཆེ་གཞན་གྱི་རྩོད་རྙོག་སེལ་ཐབས་བྱེད་པར་འོས་འགན་དམིགས་བསལ་ཞིག་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་ཡར་སྐུལ་གཏམ་བཤད་པ་གྲགས་ཅན་གྷོར་གྷོ་པལ་དྷ་སེ་ལགས་དང་ལྷན་དུ་དྲ་ལམ་བརྒྱུད་བཀའ་མོལ་གནང་སྐབས། ༧གོང་ས་མཆོག་ནས་རྒྱ་གར་ལ་རང་གི་རིག་གཞུང་སྲུང་སྐྱོབ་ཙམ་མིན་པར། འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ་གྱི་ཐད་ལ་ལམ་སྟོན་བྱ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།མི་སྒེར་ངོས་ནས་ཉིན་རེའི་འཚོ་བའི་ཁྲོད་རང་ཉིད་དང་རང་གི་སྤྱི་ཚོགས། ཆེ་ས་ནས་བཤད་ན་འཛམ་གླིང་ཡོངས་ལ་ཞི་བདེ་གོང་འཕེལ་གཏོང་ཆེད་ག་རེ་གནང་དགོས་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས།  རྒྱ་གར་གྱི་རིག་གཞུང་དང་། ལྷག་པར་དུ་ན་ལེནྜའི་རིག་གཞུང་ནང་རིག་པས་དཔྱད་པ་བྱས་ནས་གནས་ལུགས་གཏན་ལ་འབེབ་དགོས་པ་གསུང་གི་ཡོད། དེར་བརྟེན་ང་ཚོས་འགྲོ་བ་མི་ལ་ཡོད་པའི་རྣམ་དཔྱོད་ཡོངས་རྫོགས་བེད་སྤྱོད་གཏོང་དགོས་ལ། མིའི་རིན་ཐང་ནི་མིའི་བྱམས་བརྩེའི་རང་བཞིན་དེ་ཡིན། མིའི་རྣམ་དཔྱོད་ཀྱིས་ད་གཟོད་བྱམས་བརྩེའི་གལ་ཆེའི་རང་བཞིན་རྟོགས་ཀྱི་ཡོད་པ་རེད། སེམས་ཅན་དུད་འགྲོ་ལྟ་བུར་མཚོན་ན་བྱམས་བརྩེའི་རང་བཞིན་ཡོད་ནའང་། རྣམ་དཔྱོད་མེད་པའི་རྐྱེན་གྱིས་དེ་ནི་སྐྱེ་དངོས་ཡིན་པའི་ཁྱད་ཆོས་ཁོ་ན་རེད། ང་ཚོ་འགྲོ་བ་མི་ལ་དམིགས་བསལ་གྱི་ཀླད་པ་ཞིག་ཡོད་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་། ངོས་རང་གིས་དེང་རབས་ཚན་རིག་པ་དང་ལྷན་དུ་གླེང་མོལ་ཞུས་ཡིན། གང་ཡིན་ཟེར་ན། ང་ཚོའི་རིག་གཞུང་དེ་དཔྱད་པའི་རྗེས་སུ་འགྲོ་ཡི་ཡོད་པ་ལས་ཡིད་ཆེས་ཁོ་ནར་རྟེན་གྱི་མེད། དུས་རབས་ ༢༠ མཇུག་བར་དེང་རབས་ཚན་རིག་པ་ཚོས་ཀླད་པ་ཁོ་ནར་དོ་སྣང་བྱེད་ཀྱི་ཡོད་ཀྱང་། ཕྱིས་སུ་ཚན་རིག་པ་གྲགས་ཅན་དེ་འདྲས་ང་ཚོར་ཀླད་པ་ལས་བརྒལ་ཏེ། ཀླད་པ་ལ་ཤུགས་རྐྱེན་སྤྲོད་མཁན་གཞན་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད། ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་སྒོམ་སྒྲུབ་ཀྱི་ཉམས་ལེན་ཟབ་མོ་ཡོད་མཁན་གྱི་སྐྱེ་བོ་ཞིག་གིས་སྒོམ་ཉམས་ལེན་བྱེད་སྐབས། ཁོའི་ཀླད་པའི་ནང་འགྱུར་བ་ཞིག་འགྲོ་ཡི་ཡོད་པ་ཤེས་རྟོགས་ཐུབ་ཡོད། ད་ལྟ་ཚན་རིག་པས་སེམས་དང་བྱམས་བརྩེ་གལ་ཆེན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་དངོས་ཁམས་ཚད་རྡུལ་རིག་པའི་ནང་སྣང་ཚུལ་དང་དངོས་པོའི་གནས་ལུགས་བར་ཁྱད་པར་འབྱེད་ཀྱི་ཡོད། ཉོན་མོངས་ཅན་གྱི་བློ་ཚང་མ་སྣང་ཚུལ་ལ་ཞེན་པའི་སྒོ་ནས་བྱུང་གི་ཡོད་པ་དང་། ཁོང་ཁྲོ་དང་ཞེ་སྡང་། འཇིགས་སྣང་ལྟ་བུའི་ཉོན་མོངས་ཅན་གྱི་བློ་དེ་དག་སྣང་ཚུལ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་ད་ལྟ་དངོས་ཁམས་ཚད་རྡུལ་རིག་པ་བ་འགས་སྣང་ཚུལ་དེ་གཟུགས་ཅན་གྱི་ཐོག་ནས་སྣང་གི་ཡོད་ཀྱང་། རྡུལ་ཕྲ་མོའི་ཐོག་ལ་དཔྱད་པ་བྱས་ཡོང་དུས་སྣང་བ་ལྟར་མེད་པ་ར་འཕྲོད་ཀྱི་ཡོད། ཉོན་མོངས་ཅན་གྱི་བློ་རྣམས་སྣང་ཚུལ་ལ་བརྟེན་པ་ཞིག་དང་། བློ་དགེ་བ་ཅན་རྣམས་རྒྱུ་མཚན་ལ་བརྟེན་པ་ཞིག་ཡིན། ང་ཚོའི་ཉིན་རེའི་འཚོ་བའི་ནང་ཞི་བདེ་བག་ཕེབས་ཀྱི་བློ་ཞིག་ཡོང་བར་དངོས་ཁམས་ཚད་རྡུལ་རིག་པའི་ལྟ་བ་དེ་ཧ་ཅང་བེད་སྤྱོད་ཆེན་པོ་ཡོང་གི་ཡོད། ཅེས་གསུངས།དེ་ནས་གྷོར་གྷོ་པལ་དྷ་སེ་ལགས་ཀྱིས། ང་ཚོ་རང་རང་གི་ཆོས་ལུགས་ལ་རྗེས་སུ་འབྲང་གི་ཡོད་པ་དང་། དེ་ཡང་མི་སྒེར་རང་ཉིད་ཀྱི་ཉམས་མྱོང་ཁྱད་པར་བ་ཞིག་རེད། ང་རང་ཉིད་ལྟ་བུར་མཚོན་ན། ཧིན་རྡུ་རྗེས་འཇུག་པ་ཞིག་ཡིན། ༧གོང་ས་མཆོག་ལྟ་བུར་མཚོན་ན་བོད་བརྒྱུད་ནང་བསྟན་པ་ཞིག་རེད། འཛམ་གླིང་འདིར་རང་རང་གི་ཆོས་ལུགས་རྗེས་སུ་འབྲངས་ནས་རང་གི་ནང་སེམས་ཀྱི་ལམ་བུ་འདེད་ཀྱི་ཡོད་པ་རེད། ངས་ད་ལྟའི་འཛམ་གླིང་གི་རྣམ་པ་སྟེ། རང་ཉིད་ཀྱི་ཆོས་ལུགས་ཁོ་ནར་གཙིགས་སུ་བཟུང་སྟེ་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལ་སྣང་མེད་བྱེད་ཚུལ་དེ་མཐོང་སྐབས། ང་རང་སེམས་ཤུགས་ཆགས་པ་དང་། ཡང་མཚམས་རེར་ཡིད་སེམས་སྐྱོ་བའི་ཚོར་བ་ཡོང་གི་འདུག ང་ཚོ་འགྲོ་བ་མིའི་རིགས་རེད། ༧གོང་ས་མཆོག་ནས་དུས་རྒྱུན་དུ་བྱམས་སྙིང་རྗེའི་སྐོར་གསུང་གི་ཡོད་ལ། ཆོས་ལུགས་ཚང་མའི་དགོས་དམིགས་དེ་བྱམས་བརྩེ་དང་སྙིང་རྗེ་རེད། ཡིན་ན་ཡང་། ད་ལྟ་ང་ཚོའི་བསམ་བློ་གུ་དོག་པའི་རྐྱེན་གྱིས། ང་ཚོས་རང་ཉིད་ཀྱི་ཆོས་ལུགས་ཀྱི་ལྟ་གྲུབ་ཁྱད་པར་ཟུར་ལ་བཞག་སྟེ། འགྲོ་བ་མི་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་གཅིག་ལ་བསྡུ་ཐུབ་ཀྱི་མེད་པ་རེད་དམ། ང་ཚོར་ང་རྒྱལ་ཆེ་དྲགས་པའམ། ཡང་ན་ང་ཚོར་རང་ཉིད་ཀྱི་ཆོས་ལུགས་ཀྱི་གོ་རྟོགས་ཞན་དྲགས་པའི་རྒྱུ་མཚན་གྱིས་ཡིན་ནམ། ང་ཚོས་འགྲོ་བ་མི་དུང་ཕྱུར་ ༧ དེ་ཕན་ཚུན་ལ་བྱམས་སྙིང་རྗེ་ལྡན་པ་ཞིག་དང་། རོགས་ཕན་ལྡན་པ། ཞི་བདེ་བག་ཕེབས་ཡིན་དགོས་ཀྱང་། དེ་ལྟར་ཡོང་གི་མེད་པའི་རྒྱུ་མཚན་གང་རེད། ༧གོང་ས་མཆོག་ནས་ག་རེ་དགོངས་ཀྱི་ཡོད་དམ། ཞེས་བཀའ་འདྲི་ཞུས་སོང་།

དེར་༧གོང་ས་མཆོག་གིས། ངོས་རང་གི་དམ་བཅའ་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་རེད། འཛམ་གླིང་གི་ཆོས་ལུགས་ཆེ་གྲས་ཚང་མས་ལྟ་གྲུབ་མི་འདྲ་ནའང་བྱམས་བརྩེའི་བསླབ་བྱ་སྟོན་གྱི་ཡོད། དེང་རབས་ཀྱི་འཛམ་གླིང་འདིར་མཚོན་ནའང་ཧིན་རྡུ་དང་། ཡེ་ཤུ། ཇེའུ་སོགས་ཆོས་ལུགས་ཚང་མའི་དགོས་དམིགས་གཙོ་བོ་དེ་བྱམས་སྙིང་རྗེ་རེད། དེར་བརྟེན་ཆོས་ལུགས་ཚང་མས་བཟོད་སྒོམ་དང་། བཟོད་གསོལ་སོགས་གསུང་གི་ཡོད། ལྟ་གྲུབ་དང་ཐབས་ལམ་མི་འདྲ་ནའང་བསླབ་བྱ་གཅིག་རེད། ངོས་རང་ལ་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུའི་གདེང་སྤོབས་ཆ་ཚང་ཡོད། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན། རྒྱ་གར་རང་དུ་བྱུང་བའི་ཆོས་ལུགས་ཙམ་མ་ཟད་ཕྱི་ནས་དར་ཁྱབ་བྱུང་བའི་འཛམ་གླིང་གི་ཆོས་ལུགས་ཆེ་གྲས་ཚང་མ་མཉམ་གཅིག་ཏུ་སྡོད་ཀྱི་ཡོད་པ་རེད། ལོ་ངོ་སྟོང་ཕྲག་འགའ་ཤས་ནས་དེ་ལྟར་གནས་པའི་རྐྱེན་གྱིས། ཆུང་དུས་ནས་ཆོས་ལུགས་མི་འདྲ་བ་མཉམ་གཅིག་ཏུ་གནས་ཀྱི་ཡོད་པའི་འདུ་ཤེས་དེ་སྐྱེ་ཡི་ཡོད་སྟབས། ཁ་ཆེ་རྒྱལ་ཁབ་ནང་ཁ་ཆེ་ནང་ཁུལ་ལ་རྩོད་རྙོག་ཡོང་གི་ཡོད་ཀྱང་། རྒྱ་གར་ནང་ཁ་ཆེ་ཤི་ཡ་དང་སུ་ཎིའི་བར་རྩོད་རྙོག་བྱུང་བའི་གནས་ཚུལ་གོ་མྱོང་མེད། སྤྱི་ཚོགས་གཅིག་ནང་ལ་་མཚོན་ནའང་ཆོས་ལུགས་མི་འདྲ་བར་རྗེས་སུ་འབྲང་མཁན་གྱི་སྐྱེ་བོ་དུ་མ་མཉམ་གཅིག་ཏུ་སྡོད་ཀྱི་ཡོད་ལ། ཆོས་ལུགས་ཟེར་བ་དེ་སྒེར་གྱི་གནད་དོན་ཞིག་རེད། དེར་བརྟེན་རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་རེད། ཅེས་དང་། རྒྱ་གར་གྱི་ཁ་ཆེ་ཆོས་ལུགས་རྗེས་འབྲང་བ་རྣམས་ལ་ཁ་ཆེ་རྒྱལ་ཁབ་གཞན་གྱི་ཆོས་ལུགས་རྩོད་རྙོག་འདུམ་འགྲིག་དང་ལམ་སྟོན་བྱ་རྒྱུའི་འོས་འགན་དམིགས་བསལ་ཞིག་ཡོད་པ་དང་། རྒྱ་གར་ལ་རང་གི་རིག་གཞུང་སྲུང་སྐྱོབ་ཙམ་མིན་པར། འཛམ་གླིང་ཁྱོན་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ་གྱི་ཐད་ལ་ལམ་སྟོན་བྱ་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་སོང་།བཀའ་མོལ་གྱི་མཐའ་མཇུག་དེར་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཚན་རིག་པ་རེ་འགས་ངོས་རང་ལ་ལོ་བཅུ་ཕྲག་རེར་གོ་ལའི་ཚ་དྲོད་འཕར་བཞིན་ཡོད་སྐོར་རྗོད་ཀྱི་འདུག དེར་བརྟེན་ལོ་བཅུ་ཕྲག་འགའི་རྗེས་གོ་ལའི་ཚ་དྲོད་གང་འཚམ་འཕེལ་ཏེ་འཛམ་གླིང་གི་ཆུ་མོ་ཕལ་ཆེ་བ་སྐམ་སྲིད་སྐོར་རྗོད་ཀྱི་འདུག ངོས་རང་གི་བསམ་པར། ད་ལྟ་འཛམ་གླིང་ཡོངས་རྫོགས་སྟངས་འཛིན་བྱ་མི་ཐུབ་པའི་དཀའ་ངལ་ཞིག་ནང་ལྷུང་བསྡད་ཡོད་པ་རེད། དེར་བརྟེན་ལོ་བཅུ་ཕྲག་འགའི་བར་ང་ཚོ་འཚོ་ཐུབ་ཚེ། ང་ཚོས་ཕན་ཚུན་ལ་འཁྲུག་རྩོད་མ་བྱས་པར་འཆམ་མཐུན་གྱི་སྒོ་ནས་གནས་དགོས་པ་ཡིན། ཞེས་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༤

Leave a Reply