སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བའི་སེམས་པ་མ་སྐྱིད་པར་འགྲུལ་བ་ ༢༡ གི་སྲོག་ཤོར།

ས་གནས་སྲིད་གཞུང་གིས་སྡོད་གནས་བཙན་གྱིས་གཏོར་སོང་བའི་ཁ་ལོ་བ་ཞིག་གིས་འགྲུལ་བ་ ༣༦ ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཆུ་མཛོད་ནང་གཡུགས་ཏེ་འགྲུལ་བ་ ༢༡ རྐྱེན་འདས་སུ་ཕྱིན།དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་ལྷོ་བྱང་ཁུལ་གྱི་ཀེའུ་ཀྲུའུ་ (Guizhou) ཞིང་ཆེན་ཨན་ཧྲིན་གྲོང་ཁྱེར་(Anshun)གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས། མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ ༡༢ ཚུད་པའི་འགྲུལ་བ་ ༣༦ ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཟམ་ཆེན་ཞིག་ནས་མཆོངས་ཏུ་བཅུག་སྟེ། མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་གཉིས་ཚུད་པའི་འགྲུལ་བ་ ༢༡ རྐྱེན་འདས་སུ་ཕྱིན་པ་དང་། འགྲུལ་བ་ ༡༥ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

གྲོང་ཁྱེར་དེའི་ཉེན་རྟོག་པས་བརྗོད་པ་ལྟར་ན། ཉིན་དེར་ཁ་ལོ་བའི་ཁང་པ་ཉེན་རྟོག་པས་གཏོར་བཤིག་བཏང་ཡོད་སྟབས། ཁོ་བོ་སེམས་ཁམས་མི་བདེ་བར་གྱུར་ཡོད་པ་དང་། སྤྱིར་ཁོའི་འགྲུལ་འཁོར་གཏོང་བའི་དུས་ཚོད་ཉིན་གུང་ཆུ་ཚོད་ ༡༢ རྗེས་ཡིན་ཡང་། ཉིན་དེར་ཁོས་ངོ་ཤེས་ཁ་ལོ་བ་ཞིག་ལ་འགྲུལ་འཁོར་གཏོང་བའི་དུས་ཚོད་མ་སླེབ་གོང་རེ་སྐུལ་ཞུས་ཏེ་ཐོན་ཕྱིན་ཡོད་འདུག་ལ། སྟབས་ལེགས་པ་ཞིག་ལ་ཟམ་ཆེན་འོག་གི་ཆུ་མཛོད་དེའི་མཐའ་རྣམས་ལྕགས་ཀྱི་ར་བས་བསྐོར་ཡོད་སྟབས། འགྲུལ་འཁོར་ལྕགས་ར་ལ་བརྡབས་ཏེ་ཆུའི་ནང་ཕྱེད་ཀ་མ་གཏོགས་ལྷུང་མེད་འདུག

ཀྲང་མིང་ཅན་གྱི་ཁ་ལོ་བ་དེའང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཉེན་རྟོག་པས་ཁོའི་རྐུབ་སྟེགས་ཉེ་འགྲམ་ནས་ཆང་གི་འགྱིག་དམ་ཤོང་ཚད་ལི་ཊར་ ༢༠༠ ཅན་ཞིག་ཀྱང་རྙེད་ཡོད་འདུག དོན་རྐྱེན་མ་བྱུང་བའི་ཆུ་ཚོད་ཁ་ཤས་གོང་དུ་དགའ་རོགས་ལ་སྐད་འཕྲིན་བརྒྱུད། འཇིག་རྟེན་འདིར་འུ་ཐུག་པའི་ཚོར་སྣང་ཡོང་སྐོར་བརྗོད་ཡོད་འདུག

ཉེན་རྟོག་པས་ཁོའི་ཁང་པ་དེ་གྲོང་ཁྱེར་གྱི་ལས་གཞི་ཞིག་མགོ་འཛུགས་བྱས་པ་དེའི་ནང་འཁེལ་གྱི་ཡོད་སྟབས། ཉིན་ཤས་གོང་ཁང་པ་གཏོར་བཤིག་གཏོང་རྒྱུའི་བཀའ་རྒྱ་བཏང་བར། ཁོས་ས་གནས་གཞན་ལ་ཁང་པ་ཞིག་དང་གུན་གསབ་སྤྲོད་དགོས་ཚུལ་གཞུང་ལ་སྙན་གསེང་ཞུས་སྐབས། གཞུང་གིས་ཁོང་ལ་ཁང་པའི་གུན་གསབ་ཆེད་ཨ་སྒོར་ ༡༠༣༦༠ སྤྲད་ཡོད་ཀྱང་། ཁོས་སྡོད་གནས་ཤིག་དགོས་སྐོར་བརྗོད་དེ་ཨ་སྒོར་དེ་དྭང་ལེན་བྱས་མེད་ཀྱང་། དོན་རྐྱེན་བྱུང་བའི་ཉིན་མོ་དེར་ས་གནས་གཞུང་གིས་ཁོའི་ཁང་པ་བཙན་གྱིས་གཏོར་ཡོད་འདུག

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༤

Leave a Reply