༧པཎ་ཆེན་མཆོག་ནས་སྐུ་དངོས་སུ་གསུང་མ་གནང་བར་དུ་རྒྱ་གཞུང་གི་སྐད་ཆར་ཡིད་ཆེས་མེད།

ཆོས་དད་རང་དབང་སྐོར་གྱི་ཉམས་ཞིབ་པས་ཧོང་ཀོང་དང་ཤིན་ཅང་གི་གནད་དོན་ཐོག་དོ་སྣང་ཆེན་པོ་བསླེབས་པ་དེས་འཛམ་གླིང་ནང་བོད་དོན་ཐོག་དོ་སྣང་བརླག་གི་ཡོད་མེད་དྲིས་པར་དོ་སྣང་ཡོང་བར་ཕན་ཐོགས་འབྱུང་གི་ཡོད་སྐོར་གསུངས།ཁ་སང་ཆོས་དད་རང་དབང་སྐོར་གྱི་ཆེད་དམིགས་དྲ་རྒྱ་(bitter winter)གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་(USCIRF)ཀྱིས་བོད་ནང་གི་ཆོས་དད་རང་དབང་སྐོར་ལ་དྲ་ལམ་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཨི་ཊ་ལིའི་(bitter winter)གསར་ཁང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་རྒྱ་ནག་དང་བྱང་ཀོ་རི་ཡ། ཝི་ཏི་ནམ་བཅས་ཀྱི་གནད་དོན་དབྱེ་ཞིབ་ལམ་སྟོན་པ་འབུམ་རམས་པ་ཌོ་མེ་ནིག་ནར་ཌི་(Dominic Nardi)ལགས་སུ། བོད་ནང་གི་ཆོས་དད་རང་དབང་སྐོར་འདྲི་སྐབས། ཁོང་གིས་བོད་ནང་གི་ཆོས་དད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་གསུངས་འདུག་ལ། ཕྱི་ལོ་ ༢༠༡༩ ལོར་བཏོན་པའི་བོད་ནང་གི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་ཁག་གི་ནང་སྔར་ལས་ཆོས་དད་རང་དབང་གནས་སྟངས་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་པ་གསལ་འདོན་བྱས་ཡོད་པ་རེད།

བཅར་འདྲིའི་སྐབས་ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཕལ་ཆེ་བས་དོ་སྣང་བྱེད་ཡུལ་ཧོང་ཀོང་དང་ཤིན་ཅང་ཆགས་ཀྱི་ཡོད་སྟབས། བོད་དོན་ཐོག་དོ་སྣང་བརླག་གི་ཡོད་པའི་ཚོར་སྣང་བྱུང་གི་ཡོད་མེད་སྐོར་དྲིས་པར་ཁོང་གིས། ངས་བསམ་ན་ཧོང་ཀོང་དང་ཤིན་ཅང་གི་གནད་དོན་ཐོག་དོ་སྣང་བསླེབས་པ་དེས་འཛམ་གླིང་ནང་བོད་དོན་དྲན་པ་གསོས་པར་ཕན་ཐོགས་བྱུང་ཡོད་པ་དང་། རྒྱ་ནག་གི་ཆོས་ལུགས་རང་དབང་དྲག་གནོན་ལ་ཁ་གཏད་གཅོག་པར་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་མཉམ་ལས་བྱ་རྒྱུ་གལ་ཆེན་ཡིན་པའི་གོ་རྟོགས་བྱུང་ཡོད། ཡུ་གུར་བའི་ལས་འགུལ་བ་ཚོས་བོད་མི་ཚོའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ལ། ཡེ་ཤུ་ཆོས་ལུགས་པས་ཡུ་གུར་མི་མང་གི་ཚབ་ཏུ་སྐད་འབོད་རྒྱག་གི་ཡོད། ད་དུང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་ཨ་རིའི་གཞུང་གིས་བོད་དོན་དོ་སྣང་བྱེད་ཡུལ་གཙོ་བོ་ཞིག་ཏུ་འཛིན་བཞིན་ཡོད། ཉེ་སྔོན་ཨ་རིའི་གྲོས་ཚོགས་ནང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་གཏན་འབེབ་དང་། ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ངོ་སྤྲོད་གནང་བ་སོགས་ལ་ང་ཚོ་དགའ་སྤོབས་སྐྱེ་ཡི་ཡོད། ཅེས་གསུངས་འདུགབོད་ནང་གི་ཆོས་དད་རང་དབང་ཇེ་སྡུག་ཏུ་འགྲོ་ཡི་ཡོད་མེད་སྐོར་ལ་ཁོང་གིས། འདས་པའི་ལོ་ངོ་ ༥༠ ཙམ་གྱི་རིང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཐོག་དྲག་གནོན་བྱས་ཡོད་ལ། ཕྱི་ལོ་ ༢༠༡༡ ནས་བོད་ནང་གི་ཆོས་ལུགས་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད། རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་སྲིད་བྱུས་ལྡན་པའི་ལྟ་ཞིབ་བརྙན་མིག་བཙུགས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་བྱེད་པར་་དྲག་གནོན་བྱས་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་ཁག་གཏོར་བཤིག་ཚད་མེད་བཏང་ཡོད། འདས་ལོའི་དབྱར་ཁའི་སྐབས། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་ཕྱེད་ཀ་ལྷག་གཏོར་བརླག་བཏང་སྟེ་གྲྭ་པ་སྟོང་ཕྲག་མང་པོ་ཕྱིར་འཕུད་བཏང་ཡོད། ཅེས་གསུངས་འདུག

ཡང་ནག་སེལ་གཤེད་བཅོམ་ལག་བསྟར་བྱས་པ་བརྒྱུད་བོད་མིར་བཙན་གནོན་གྱི་སྲིད་བྱུས་སྤེལ་བཞིན་ཡོད་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་ནང་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་གཏན་འབེབ་བྱས་ཏེ། ད་སྔ་བར་བོད་མི་ཁྱོན་ ༥༡ འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ནག་སེམ་གཤེད་བཅོམ་ནི་ཉེས་མེད་རྣམས་བཙོན་འཇུག་བྱེད་པའི་དབང་ཆ་ལོག་སྤྱོད་ཀྱི་ཆབ་སྲིད་ཅིག་ཡིན་སྐོར་བརྗོད་འདུག གཞན་བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་ལ་དམ་དྲགས་བྱས་ཏེ། བོད་སློབ་ཁག་ཏུ་རྒྱ་སྐད་རྒྱ་ཡིག་ངེས་པར་བསླབ་དགོས་པར་བཟོས་པ་དང་། བོད་ནང་གི་སློབ་འབྲིང་དང་མཐོ་སློབ་ཁག་ཏུ་ཕྱི་ལོ་ ༡༩༦༠ ནས་རྒྱ་ཡིག་སློབ་འཁྲིད་མགོ་བརྩམས་ཡོད་སྐོར་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་འཕྲོག་སྟེ། བོད་སྐད་བོད་ཡིག་སྦྱོང་བར་དྲག་གནོན་ཚབས་ཆེན་ཐེབས་རྒྱུ་ཡིན་པར་སེམས་འཚབ་སྐྱེ་ཡི་ཡོད་སྐོར་སོགས་གསུངས་འདུགཡང་རྒྱ་ནག་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་སྐོར་བསྒྲགས་བཞིན་པར་ཡིད་ཆེས་ཡོད་མེད་དྲིས་པར་ཁོང་གིས། གལ་སྲིད་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡིན་པའི་དཔང་རྟགས་མ་བསྟན་པ་དང་། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་འཛམ་གླིང་ནང་སྐད་ཆ་བཤད་མ་བཅུག་ཚེ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་སྐད་ཆ་ལ་ཡིད་ཆེས་བྱེད་ཀྱི་མེད་པ་མ་ཟད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། ༧པཎ་ཆེན་རིན་པོ་ཆེ་མཆོག་བསམ་བློའི་རང་དབང་མེད་པའི་བཙོན་མའི་ཁོངས་སུ་བཅུག་སྟེ། ཁོང་གི་སྐོར་ལ་ཞུ་གཏུག་མུ་མཐུད་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

ཉེ་སྔོན་ཚོགས་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དྲ་ལམ་ཚོགས་འདུའི་ཐོག ཁ་སང་དེ་རིང་གི་བོད་ནང་གི་ཆོས་ལུགས་རང་དབང་གི་གནས་བབ་སྤྱི་དང་། ཨ་རིའི་གཞུང་ནས་བོད་ནང་གི་ཆོས་ལུགས་རང་དབང་མཐོར་འདེགས་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨ་རིའི་གཞུང་ལ་བཏོན་པའི་ཁྲིམས་འཆར་ཁག དེ་བཞིན། ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབ་ཡོང་ཐབས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༡༤

Leave a Reply