འདི་ལོར་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་མཁན་སློབ་ཕྲུག་ ༡༩ འདུག

ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་ལེན་མཁན་སློབ་ཕྲུག་ ༩༡ དང་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་ ༡༩ བྱུང་འདུགཁ་སང་ཕྱི་ཚེས་ ༡༣ ཉིན། ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་ལྟར། དེ་རིང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་རྣམ་གཉིས་ནས་བོད་སློབ་ཁག་གི་སློབ་ཕྲུག་ཚོའི་ཡིག་རྒྱུགས་གྲུབ་འབྲས་སྐོར་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། འདི་ལོར་བོད་སློབ་ཁག་ནས་ཡིག་རྒྱུགས་བརྒྱ་ཆ་བརྒྱ་འཕྲོད་མཁན་སློབ་གྲྭ་ ༡༠ དང་། སློབ་གྲྭ་ཁག་ཡོངས་ནས་ཡིག་རྒྱུགས་བརྒྱ་ཆ་ ༩༠ ཡན་ལེན་མཁན་སློབ་ཕྲུག་ ༩༡ དང་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་མཁན་སློབ་ཕྲུག་ ༡༩ བྱུང་འདུག

གསལ་འགོད་གསལ་བསྒྲགས་ཀྱི་ཐོག་མར་སྲིད་སྐྱོང་མཆོག་གིས་ཐེངས་འདིར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད། བོད་སློབ་ཁག་ནས་སྲིད་སྐྱོང་བརྒྱ་ཆ་ལེན་མཁན་སློབ་ཕྲུག་ ༡༩ བྱུང་སྟེ་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། དེ་སྔོན་སྲིད་སྐྱོང་བྱ་དགའ་ཐོག་མར་གསལ་བསྒྲགས་གནང་སྐབས་མི་མང་པོ་ཞིག་གིས་དེ་ནི་ཤེལ་སྒོའི་ནང་གི་མོག་མོག་ཙམ་ལས་ཡོང་ཐབས་མེད་པ་ཞིག་ཡིན་པའི་བསམ་ཚུལ་བཤད་མཁན་བྱུང་ཡོད་ཀྱང་། འདི་ལོ་ནི་སྲིད་སྐྱོང་བྱ་དགའ་གསལ་བསྒྲགས་གནང་བ་ནས་ལོ་རྒྱུས་ཁྲོད་གཟེངས་རྟགས་དེ་བཞེས་མཁན་མང་ཤོས་ཆགས་ཡོད་པ་དང་། གནས་སྟངས་དེས་སློབ་ཕྲུག་ཚོས་ཤེས་ཡོན་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་པ་མཚོན་ཡོད་པ་མ་ཟད། སློབ་ཕྲུག་དང་ཕ་མ་ཚོ་ཤེས་ཡོན་ནང་མཉམ་ཞུགས་ཕྱོགས་ཡོངས་ནས་བྱེད་བཞིན་པ་སྟོན་ཐུབ་སྐོར་གསུངས་སོང་།

དེའི་རྗེས་ཤེས་རིག་བཀའ་བློན་མཆོག་ནས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས། འདི་ལོའི་ཡིག་རྒྱུགས་ཁྲོད་བོད་པའི་སློབ་གྲྭ་ཁག་ ༡༦ ནས་ཁྱོན་སློབ་ཕྲུག་ ༡༠༡༦ དངོས་སུ་མཉམ་ཞུགས་གནང་ཡོད་པ་ལས་སློབ་ཕྲུག་ ༩༩༨ ཀྱིས་ཡིག་ཚད་འཕྲོད་ཡོད་པ་དང་། སློབ་གྲྭ་ཁག་ ༡༦ ལས་ ༡༠ ཡིས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ལོན་སྟེ་ཡིག་རྒྱུགས་མ་འཕྲོད་མཁན་སོགས་གཅིག་ཀྱང་མེད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཁྱོན་བསྡོམས་བརྒྱ་ཆ་ ༩༨.༢༣ ལོན་སྟེ་སྔར་ལོའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ལས་བརྒྱ་ཆ་ ༡.༢༣ འཕར་ཡོད་སྐོར་གསུངས་སོང་།འདི་ལོའི་སྲིད་སྐྱོང་བྱ་དགའ་ཐོབ་མཁན་སྒྱུ་རྩལ་སྡེ་ཚན་གྱི་སློབ་མ་ ༡༤ ནི། མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསོད་ནམས་སྟོབས་རྒྱལ་བརྒྱ་ཆ་ ༩༨.༦ དང་བསྟན་འཛིན་ཉི་མ་བརྒྱ་ཆ་ ༩༨.༢། བསྟན་འཛིན་འོད་ལྡན་བརྒྱ་ཆ་ ༩༦.༤། ལྷ་མོ་གཡུ་མཚོ་བརྒྱ་ཆ་ ༩༦.༤། བསྟན་འཛིན་ནོར་གཡང་བརྒྱ་ཆ་ ༩༦.༤།  ཕུན་ཚོགས་དབྱངས་འཛོམས་བརྒྱ་ཆ་ ༩༦.༢། བསྟན་འཛིན་རྣམ་རྒྱལ་བརྒྱ་ཆ་ ༩༥.༦། བདེ་ཆེན་བཟང་མོ་བརྒྱ་ཆ་ ༩༥.༢། ཕན་བདེ་ཚེ་རིང་བརྒྱ་ཆ ༩༥། བསྟན་འཛིན་པདྨ་བརྒྱ་ཆ་ ༩༥་བཅས་དང་། ཧར་པ་སྤུར་གཏན་སློབ་ནས་ཡིན་པའི་བསྟན་འཛིན་ཚེ་རིང་བརྒྱ་ཆ་ ༩༦.༨། མོན་གྷོ་གཏན་སློབ་ནས་ཉི་མ་ལྷ་མོ་བརྒྱ་ཆ་ ༩༦.༤ དང་བསྟན་འཛིན་ཡེ་ཤེས་བརྒྱ་ཆ་ ༩༥། སུ་ཇ་བོད་ཁྱིམ་ནས་བསྟན་འཛིན་དབྱངས་གསལ་བརྒྱ་ཆ་ ༩༥ བཅས་ཡིན་འདུག

དེ་བཞིན་ཚན་རིག་སྡེ་ཚན་ནས་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་ཕྲུག་ ༤ ནི། མ་སུ་རི་བོད་ཁྱིམ་ནས་ཀུན་དགའ་ལེགས་ཆུང་བརྒྱ་ཆ་ ༩༩.༢ དང་ཀུན་དགའ་བཀྲ་ཤིས་བརྒྱ་ཆ་ ༩༥.༨། སྒྲོལ་མ་ཆོས་འཛོམས་བརྒྱ་ཆ་ ༩༦.༤། སེ་ལ་ཀུ་བོད་ཁྱིམ་ནས་བསྟན་འཛིན་རྣམ་མཛེས་བརྒྱ་ཆ་ ༩༥.༢ བཅས་ཡིན་པ་དང་། ཚོང་རིག་སྡེ་ཚན་ནས་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་མ་གཅིག་ཡོད་པ་ནི་མ་སུ་རི་བོད་ཁྱིམ་གྱི་བསྟན་འཛིན་ནོར་སྒྲོན་བརྒྱ་ཆ་ ༩༦.༨ ཡིན་འདུག

ད་ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་པའི་ཚན་རིག་དང་ཚོང་རིག འབྱུང་རིག་བཅས་ཀྱི་ཁོངས་ནས་བརྒྱ་ཆ་རྩེ་ཕུད་ཐོབ་མཁན་གསུམ་རེ་འདེམས་སྒྲུག་བྱས་ཡོད་པས་ལས། གོང་དུ་གསལ་བ་ལྟར་འབྱུང་རིག་སྡེ་ཚན་ནས་སློབ་ཕྲུག་གསུམ་ཡོད་པ་ལས་མ་སི་རི་བོད་ཁྱིམ་ནས་ཡིན་པའི་སློབ་མ་བསོད་ནམས་སྟོབས་རྒྱལ་དང་བསྟན་འཛིན་ཉི་མ།  ཧར་པ་སྤུར་གཏན་སློབ་ནས་ཡིན་པའི་བསྟན་འཛིན་ཚེ་རིང་།  དེ་བཞིན་ཚོང་རིག་སྡེ་ཚན་དང་ཚན་རིག་སྡེ་ཚན་གཉིས་ནས་སློབ་ཕྲུག་གསུམ་རེ་ཡོད་པ་ཚང་མ་མ་སི་རི་བོད་ཁྱིམ་ནས་ཡིན་པ་ལས། ཀུན་དགའ་ལེགས་ཆུང་། ཀུན་དགའ་བཀྲ་ཤིས། སྒྲོལ་མ་ཆོས་འཛོམས།  ཚོང་རིག་སྡེ་ཚན་ནས་བསྟན་འཛིན་ནོར་སྒྲོན། བསྟན་འཛིན་དབང་མོ། རིན་ཆེན་སྒྲོལ་མ་བཅས་ཡིན་འདུགའདི་ལོར་བོད་སློབ་ཁག་ནས་ཡིག་རྒྱུགས་བརྒྱ་ཆ་ ༩༠ ཡན་ལོན་མཁན་སློབ་ཕྲུག་ ༩༡ བྱུང་ཡོད་པ་ལས། མ་སུ་རི་བོད་ཁྱིམ་ནས་སློབ་ཕྲུག་ ༤༤ དང་ཧར་པ་སྤུར་གཏན་སློབ་ནང་ ༡༡། སེ་ལ་ཀུའི་བོད་ཁྱིམ་ནང་ ༨། མོན་གྷོ་སཾ་བྷོ་གཏན་སློབ་ནས་ ༦། དེ་བཞིན་སུ་ཇ་བོད་ཁྱིམ་ནས་ ༥ དང་གྷོ་པལ་པུར་བོད་ཁྱིམ་ནས་སློབ་ཕྲུག་ ༤། མ་སུ་རི་གཏན་སློབ་ནས་ ༣། པོན་ཊ་གཏན་སློབ་ནས་ ༣། དྷ་སྟེང་བོད་ཁྱིམ་ནས་ ༣། རྡོར་གླིང་གཏན་སློབ་ནས ༡། སྦེལ་ཀོབ་སཾ་བྷོ་ཉིན་སློབ་ནས་ ༡། སྦེལ་ཀོབ་བོད་ཁྱིམ་ནས་ ༡། དོན་གྲུབ་གླིང་སྒེར་གཉེར་སློབ་གྲྭ་ནས་ ༡ བཅས་ཡིན་འདུག

འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམས་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་ཁྲོད་སློབ་ཕྲུག་ ༡༢.༠༦.༨༩༣ གྱིས་ཐོ་འགོད་མཉམ་ཞུགས་བྱས་པ་ལས། བུ་མོ་གྲངས་ ༥.༢༢.༨༡༩ དང་བུ་ ༦.༨༤.༠༦༨ བཅས་ཡོད་པ་དང་། རྒྱལ་ཡོངས་སློབ་ཕྲུག་ཚང་མའི་ཁྱོན་བསྡོམས་བརྒྱ་ཆ་ ༨༨.༧༨ བྱུང་སྟེ་སྔར་ལོའི་བརྒྱ་ཆ་ལས་ ༥.༣༨ མཐོ་རུ་སོང་ཡོད་པ་དང་། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ཁྲོད་ལཀ་ནོ་མངའ་སྡེའི་ནཱ་ཝེ་ཡོ་གྷི་རཱ་དྷེན་སི་(Navyug Radiance)སློབ་གྲྭའི་བུ་མོ་དྷེ་ཝི་ཡཱན་ཤི་རྗན(Divyanshi Jain)གྱིས་སློབ་ཚན་ཚང་མར་སྐར་གྲངས་ ༡༠༠ བླངས་ཏེ་རྒྱ་གར་རྒྱལ་ཡོངས་ནས་ཨང་རིམ་དང་པོ་སོན་ཡོད་པ་དང་། སློབ་གྲྭ་ཁག་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་(Jawahar Navodaya Vidyalayas)སྒེར་གཉེར་སློབ་གྲྭའི་བརྒྱ་ཆ་ ༩༨.༧ བླངས་ཏེ་ཨང་དང་པོ་ཆགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༡༤

Leave a Reply

One thought on “འདི་ལོར་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་མཁན་སློབ་ཕྲུག་ ༡༩ འདུག

  1. ཚེ་བརྟན་འགྱུར་མེད།

    ༑ ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ དང་ ༡༠ ཡིག་རྒྱུགས་གྲུབ་འབྲས་སྐོར་རང་གཞུང་ཤེས་རིག་ལྷན་ཁང་ནས་གསལ་བསྒྲགས་གནང་གསལ་ལྟར་ན་གྲུབ་འབྲས་སྔར་ལོ་ལས་ལྷག་པ་བྱུང་བ་ནི་འབྲེལ་ཡོད་སློབ་ཕྲུག་ཚོ། དེ་དག་ལ་མཐུན་བསྒྱུར་གནང་མཁན་གྱི་མདུན་མ་དགེ་རྒན་རྣམ་པ་དང་སློབ་གྲྭ་ཁག་གི་འཛིན་སྐྱོང་པ་ཁག ཕ་མ་དང་དེ་མིན་ཟང་ཟིན་དང་ཞེན་བསྐུལ་མཐུན་གྲོགས་པ། སྤྱི་ཡོངས་བོད་མིའི་སྡུག་ན་ཉེ་ས་དང་རྒྱག་ན་བཤད་ས། རེ་འདོད་དུ་བཀུར་བས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དབུ་འཁྲིད་པས་ཐད་ཀར་གྱི་བརྒྱུད་ལམ་ཤེས་རིག་ལྷན་ཁང་། མཐར་དོན་དེ་དག་ཡོངས་ཀྱི་ཡལ་འདབ་གྲིབ་བསིལ་རྒྱས་པའི་གཤེར་མ་རྒྱ་མཚོའི་རླབས་སྤྲིན་ལྟ་བུ་ནི་ཆོལ་གསུམ་བོད་མི་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པ་༸གོང་ས་མཆོག་གི་ཕུགས་རྒྱང་རིང་མོ་ནས་བཞད་པའི་དགོངས་གཞི་རླབས་འཕྲིན་ལས་བྱུང་བའི་ང་རང་ཚོ་ཚང་མས་ཁོང་གི་བཀའ་དྲིན་ལ་རྗེས་སུ་ཡིད་རངས་ཞུ་པའི་ཐོག་ནས་བོད་རིགས་ཚང་མས་འབྲེལ་ཡོད་ཡོངས་ལ་དགའ་སྤྲོས་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་ཡོད་པ་ལྟར་ང་རང་ཡང་དེ་ལྟར་ཞུ་བཞིན་ཡོད།།

    སྐབས་བབས་སུ་མ་སུ་རི་བོད་ཁྱིམ་སློབ་ཕྲུག་རྣམས་པས་མི་སྨོན་རང་སྐྱིད་ཀྱི་དཔེ་ལྟར་འོས་པའི་གནང་རྗེས་ཞིག་འཇོག་ཐུབ་པར་ངོས་རང་མ་སུ་རི་བོད་ཁྱིམ་གྱིས་འཁྱོངས་འབྲས་ཤིག་ལ་སོང་བོད་ཁྱིམ་གཙོ་འཛིན་དགེ་ལས་ཕ་མ་ཡོངས་། འབྲེལ་ཡོད་སློབ་ཕྲུག་རྣམ་པ་དང་སྤྱི་ཡོངས་ཨ་ཝ་རྣམས་སུ་དམིགས་བསལ་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མཚམས་འདིར་མི་ལོ་བཅུ་ཕྲག་གསུམ་ཙམ་སྔོན་གྱི་ལོ་རྒྱུས་ཤིག་འགོད་འདོད་བྱུང། དེ་ཡང་སྐབས་ཤིག་རང་ཉིད་རྡ་ས་གཙུག་ལག་ཁང་དུ་ཆོས་ཕྱོགས་ཀྱི་མཛད་འཆར་དུ་གདན་འཁོད་མཉམ་ངས་སྤུན་མཆེད་བུ་མོ་ལ་ཁོ་མས་ངོ་ཤེས་རྡ་ས་བུ་གསོ་ཁང་བུ་གཅིག་གིས་ཁྱེད་ཚོ་མ་སུ་རི་བོད་ཁྱིམ་སློབ་ཕྲུག་ནས་བཞག་པའི་བོད་གཞུང་སློབ་གྲྭའི་འཛིན་རིན་ ༡༢ རྒྱུགས་སྤྲོད་ཨང་རིམ་མཐོ་ཤོས་ཀྱི་གོང་ཚད་ཀྱི་ལོ་རྒྱུས་དེ་འདི་ལོ་ངས་ཕམ་བཅག་ཞུས་ཡིན་ཅེས་བློ་སྤོབ་ངང་བཤད་སོང། དེ་ན་ང་ཚོ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོས་བོད་པའི་ཤེས་ཡོན་ལོ་རྒྱུས་ནང་གཟེངས་སུ་ཐོན་པའི་ནུས་པ་རྒྱུན་མར་སྟོན་ཡོད་པས་དཔེ་ཞིག་དང་དགའ་སྤོབ་ངང་ད་དུང་ཡང་བརྩོན་པ་སྔར་ལྷག་ཀྱིས་སྔོན་གྱི་མཚན་སྙན་དེ་དག་གོང་ནས་གོང་དུ་འཕེལ་རྒྱུ་གལ་ཆེའི་འབོད་བསྐུལ་ཞུ་བཞིན་དུ།།