ཟླ་བཞི་ཙམ་ནང་ཆབ་སྲིད་བཙོན་ཟུར་བཞི་དུས་མིན་རྐྱེན་འདས་སུ་ཕྱིན།

འདས་པའི་ལོ་གཅིག་ལྷག་ནང་བོད་ཕྱི་ནང་གཉིས་ནས་དེ་སྔོན་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉུང་མཐར་ ༧ དུས་མིན་རྐྱེན་འདས་སུ་ཕྱིན་འདུགཕྱི་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ལ་བར་སྐབས་ནས་གཅིན་སྙི་ཟ་ཁུའི་ནད་གཞི་བྱུང་སྟེ། འདི་ལོའི་ལོ་མགོར་ལྷ་ས་མི་མང་སྨན་ཁང་དུ་སྨན་བཅོས་གནང་ཡོད་ནའང་དྲག་སྐྱེད་མ་བྱུང་བར་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༣།༡༥ ཙམ་ལ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་ནི་འདས་པའི་ཟླ་བཞི་ཙམ་ནང་དུས་མིན་རྐྱེན་འདས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཞི་པ་དེ་ཆགས་འདུག

དགུང་ལོ་ ༥༠ ཡིན་པའི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ནི་ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༡༢ ཉིན་ལྷ་སར་དགེ་འདུན་པ་ ༡༦ ནས་ཞི་རྒོལ་གནང་བ་དེའི་ཁོངས་སུ་ཡོད་པ་དང་། སྐབས་དེར་ཁོང་ལ་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་དང་། ལོ་གསུམ་རྗེས་བཙོན་གྲོལ་ཐོབ་ཀྱང་ཉེས་མེད་ཉེས་འགེལ་གྱིས་སླར་ཡང་འཛིན་བཟུང་བྱས་ཏེ་ལོ་བཞི་ཡི་ཁྲིམས་ཐག་བཅད་འདུག་ལ། ཁོང་ནི་བོད་འཕན་པོ་རྫོང་ལྕང་ར་ཤང་དུ་འཁྲུངས་ཤིང་། ཆོས་མིང་དུ་འཕྲིན་ལས་ཆོས་ལྡན་དང་སྔོན་ཆད་འབྲས་སྤུངས་དགོན་པའི་བདེ་དབྱངས་ཁང་ཚན་ཀྱི་དགེ་འདུན་པ་ཞིག་ཡིན་འདུག

ཁོང་གི་འདས་རྐྱེན་དང་འབྲེལ་ནས་འདི་ག་གསར་ཁང་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མའི་ཐོབ་ཐང་ཚན་པའི་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ལ་མནར་གཅོད་ཡང་ཡང་གཏོང་གི་ཡོད་ལ། བཙོན་ཁང་ནང་ཁོང་ཚོར་འོས་འཚམ་གྱི་སྨན་བཅོས་ཐོབ་ཀྱི་མེད་པར་བརྟེན། འཕྲོད་བསྟེན་གྱི་གནས་བབ་སྡུག་ཏུ་འགྲོ་བ་དང་། ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་གྲོལ་ཐོབ་ནའང་། དེའི་ཤུགས་རྐྱེན་ཡུན་རིང་གནས་ཏེ་ཆབ་སྲིད་བཙོན་པ་བསམ་འགྲུབ་ལགས་ལྟར་གྱི་གནས་ཚུལ་མང་པོ་འབྱུང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གི་ཁྲིམས་དེ་རྒྱལ་ཚོགས་ཀྱི་ཁྲིམས་ཡིག་མང་པོ་ཞིག་ལ་ཁས་ལེན་དང་ཁག་ཐེག་བྱས་ཏེ་ལག་བསྟེར་གྱི་ཆོག་མཆན་དེ་བཀོད་ཡོད་ནའང་། རྒྱ་ནག་གཞུང་གིས་ལག་བསྟེར་བྱེད་བཞིན་པའི་སྲིད་བྱུས་དང་ཡིག་ཐོག་ཏུ་ཡོད་པའི་ཁྲིམས་གཉི་ག་ཁ་ཁ་ཡིན་སྟབས། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོ་དང་ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན། དེ་བཞིན་རང་ཉིད་ཀྱི་རང་དབང་སྲུང་སྐྱོབ་བྱེད་མཁན་གྱི་མི་སྣ་མང་པོ་ཞིག་ལ་ཁྲིམས་ཀྱི་སྲུང་སྐྱོབ་དང་ཐོབ་ཐང་རྩ་བ་ཉིད་ནས་སྤྲད་མེད་པ་རེད། དེ་བས་ཆབ་སྲིད་བཙོན་མ་རྣམས་ལ་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་ནད་པ་བཟོ་ཡི་ཡོད་པ་དང་། བཙོན་ཁང་དུ་འདས་གྲོངས་སུ་འགྲོ་ཉེན་ཡོད་ཚེ་མྱུར་དུ་ཀློད་གྲོལ་གཏོང་བ་དང་། ཀློད་གྲོལ་རྗེས་འགྲོ་བསྐྱོད་དང་སྨན་བཅོས་ཀྱི་ཐོབ་ཐང་སྤྲོད་ཀྱི་མེད་སྟབས། ཉེ་ཆར་འདས་གྲོངས་སུ་ཕྱིན་པའི་ཆབ་སྲིད་བཙོན་པ་བསམ་གྲུབ་ལགས་སོགས་ཀྱི་གནས་སྟངས་དེ་རྒྱ་ནག་གི་ཁྲིམས་ཀྱི་ཐོབ་ཐང་མེད་པའི་དཀའ་སྡུག་གི་མནར་གཅོད་འོག ཁ་གསལ་བོར་བཤད་ན་རྒྱ་ནག་གཞུང་གིས་དམར་གསོད་བཏང་བ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༢༠ ཟླ་ ༤ པའི་ནང་རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་ཤེས་རབ་ལགས་དང་། བོད་ཀྱི་མལ་གྲོ་གུང་དཀར་རྫོང་ཀྱི་རང་ཁྱིམ་དུ་ཚེ་རིང་བག་གྲོ་ལགས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ ཉིན། བོད་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ། ཆབ་སྲིད་བཙོན་ཟུར་ཆོས་ཀྱིས་ལགས་ཡུན་རིང་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༩ ཉིན། ཨོ་སི་ཊོ་ལི་ཡའི་མལ་བྷོན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ། བེན་ཚང་ཚེ་རིང་བློ་གསལ་ལགས་འདས་གྲོངས་སུ་ཕྱིན་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ ཉིན་ལྡི་ལིའི་སྨན་ཁང་ཞིག་ཏུ་དགེ་བཤེས་ངག་དབང་མཁས་བཙུན་ལགས་འདས་གྲོངས་སུ་ཕྱིན། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༢༦ ཉིན། དཀར་མཛེས་རྫོང་འོད་བཟོ་སྡེ་བ་ནས་ཡིན་པའི་པདྨ་དབང་ཆེན་ཞུ་བ་ཞིག་འདས་གྲོངས་སུ་ཕྱིན་པ་བཅས་འདས་པའི་ལོ་གཅིག་ལྷག་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཉུང་མཐར་ ༧ དུས་མིན་འདས་གྲོངས་སུ་ཕྱིན་འདུག

གསར་འགོད་པ།  ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༡༥

Leave a Reply