སྲིད་འཛིན་ཊོམ་ཕུ་མཆོག་ནས་ཧོང་ཀོང་རང་སྐྱོང་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན།

ཨ་རིའི་གཞུང་ནས་ཧོང་ཀོང་རང་སྐྱོང་ཁྲིམས་ཡིག་གཏན་འབེབ་བྱས་པ་དང་བསྟུན་ཧོང་ཀོང་གི་དམིགས་བསལ་རྒྱལ་སྤྱིའི་ཚོང་འབྲེལ་གནས་བབ་ཁག་རྩིས་མེད་བཏང་བའི་རྐྱེན་གྱིས་ཧོང་ཀོང་ནང་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་འདུག ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་རྒྱ་སེ་མེ་ཏོག་ལྡུམ་རའི་ནང་གི་གསར་འགོད་གསལ་བསྒྲགས་ཐོག སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་སྤྱི་མོས་ཐོག་གཏན་འབེབ་གནང་བའི་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་ (Hong Kong Autonomy Act) ལ་མཚན་རྟགས་བསྐྱོན་ཏེ།  ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་དོ་ཕོག་གཏོང་མཁན་གྱི་མི་སྒེར་དང་སྒྲིག་འཛུགས་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་ཁྲིམས་ཡིག་གཏན་འབེབ་གནང་ཡོད་པ་མ་ཟད། ད་བར་ཨ་རིས་ཧོང་ཀོང་ལ་རྒྱ་ནག་སྐམ་ས་ཆེན་མོ་དང་མི་འདྲ་བར་དམིགས་བསལ་རྒྱལ་སྤྱིའི་ཚོང་འབྲེལ་གནས་བབ་སྤྲད་པ་དེ་ཕྱིར་འཐེན་བྱས་ཡོད་སྟབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་ཡོད་སྐོར་བརྗོད་དེ། ཁྲིམས་ཡིག་དེ་དང་འབྲེལ་བའི་སྒྲིག་འཛུགས་དང་མི་སྒེར་བཅས་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་རྒོལ་ལན་སྤྲད།

གསལ་བསྒྲགས་སྐབས་སྲིད་འཛིན་ཊོམ་ཕུ་མཆོག་གིས། དེ་རིང་ངས་ཁྲིམས་འཆར་ཞིག་དང་འཛིན་སྐྱོང་གི་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད་དེ། རྒྱ་ནག་གིས་ཧོང་ཀོང་མི་མང་ལ་དྲག་གནོན་བྱེད་བཞིན་པར་འགན་འཁུར་དུ་འཇུག་རྒྱུ་ཡིན། ཞེས་དང་། རྒྱ་ནག་གིས་ཧོང་ཀོང་མི་མང་གི་རང་དབང་དང་ཐོབ་ཐང་རྣམས་ཕྲོགས་ཟིན། ངའི་བསམ་ཚུལ་ལ་དེའི་མཉམ་དུ་ཧོང་ཀོང་ཡང་བརླག་ཚར་བ་རེད། གང་ཡིན་ཟེར་ན། ད་ནས་བཟུང་ཧོང་ཀོང་གིས་འཛམ་གླིང་གི་རང་དབང་ལྡན་པའི་ཁྲོམ་རའི་ནང་འགྲན་ཞུགས་ཐུབ་རྒྱུ་མ་རེད་ལ། མི་མང་པོ་ཞིག་ཧོང་ཀོང་ནས་ཕྱིར་འཐོན་རྒྱུ་རེད། ཅེས་གསུངས་འདུག་པ་མ་ཟད། ཁྲིམས་ཡིག་དེའི་རྐྱེན་པས། ཨ་རིས་ཧོང་ཀོང་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་གཅིག་མཚུངས་སུ་བལྟ་རྒྱུ་ཡིན་སྟབས། སྔར་ཨ་རིས་ཧོང་ཀོང་ལ་འཛིན་པའི་དམིགས་བསལ་ཚོང་འབྲེལ་སྲིད་བྱུས་དག་ཀྱང་རྩིས་མེད་ཕྱིན་ཚར་ཡོད་སྐོར་གསུངས་འདུག

སྲིད་འཛིན་ཊོམ་ཕུ་མཆོག་གིས་ཧོང་ཀོང་གི་ཁྲིམས་གཞི་དེར་མཚན་རྟགས་བསྐྱོན་པ་དང་བསྟུན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་ཐག་གཅོད་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁྲིམས་སྒྲིག་ཁག་རྡོག་རོལ་བཏང་བ་ཞིག་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཚབས་ཆེན་བྱས་པ་ཞིག་ཡིན་སྐོར་དང་། རྒྱ་ནག་ངོས་ནས་རང་གི་ཁེ་ཕན་སྲུང་སྐྱོབ་ཆེད་ཁྲིམས་ཡིག་དེར་འབྲེལ་བ་ཡོད་པའི་ཨ་རིའི་རྩ་འཛུགས་དང་མི་སྒེར་བཅས་ལ་དགོས་ངེས་ཀྱི་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་གིས་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་གཏན་འབེབ་བྱས་པ་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་དུས་ཡུན་ཐུང་ཐུང་ནང་ཧོང་ཀོང་རང་སྐྱོང་གི་ཁྲིམས་འཆར་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབ་བྱས་ཡོད་པ་དང་། ཁྲིམས་ཡིག་དེའི་དགོངས་དོན་གཞིར་བཟུང་། ཨ་རིའི་འཛིན་སྐྱོང་ལྷན་ཁང་ངོས་ནས་ཕྱིའི་ཚོགས་སྡེ་དང་མི་སྒེར་སུ་རུང་གིས་རྒྱ་ནག་ལ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་སམ། ཡང་ན་དབྱིན་ཡུལ་དང་ལྷན་དུ་བཞག་པའི་མཉམ་འབྲེལ་བསྒྲགས་གཏམ་གྱི་དགོངས་དོན་དང་འགལ་བའི་བྱ་འགུལ་སྤེལ་བར་མཐུན་འགྱུར་བྱེད་པ་དང་། ཡང་ན་རྒྱ་ནག་གི་མགོ་འཁྲིད་དེ་ཚོའི་མཉམ་དུ་ཚོང་འབྲེལ་གཉེར་བ་སོགས་བྱས་ཚེ། མི་སྒེར་རྣམས་ཀྱི་ཨ་རིར་ཡོད་པའི་ས་ཁང་གཞུང་བཞེས་བྱ་རྒྱུ་མ་ཟད། ཨ་རིའི་འགྲོ་འོང་གི་ཐོངས་མཆན་ཕྱིར་བསྡུ་བྱེད་དགོས་ཀྱི་ཡོད་འདུག དེ་བཞིན་དངུལ་ཁང་གི་མཚོན་པའི་ཚོགས་སྡེ་སྒྲིག་འཛུགས་ཁག་ལ་ཨ་རིའི་དངུལ་ཁང་ནས་བུན་གཡར་བྱ་མི་ཆོག་པ་བཟོ་རྒྱུའི་ཉེས་ཆད་གཅོད་དགོས་ཀྱི་ཡོད་པ་རེད།ད་ལན་སྲིད་འཛིན་ཊོམ་ཕུ་མཆོག་གིས་རང་སྐྱོང་ཁྲིམས་ཡིག་དེ་དང་ལྷན་དུ། ཧོང་ཀོང་གི་དམིགས་བསལ་རྒྱལ་སྤྱིའི་ཚོང་འབྲེལ་གནས་བབ་རྩིས་མེད་གཏོང་རྒྱུའི་འཛིན་སྐྱོང་བཀའ་རྒྱ་བསྒྲགས་པར་བརྟེན། ཨ་རྒྱའི་ཚོང་དམག་གི་རྐྱེན་པས་ཨ་རིས་རྒྱ་ནག་ཐོག་བཀལ་བའི་ཚོང་འབྲེལ་ཉེས་ཆད་དག་ཧོང་ཀོང་ལའང་རང་བཞིན་གྱིས་ཁྱབ་སྲིད་པ་དང་། གཞན་ཡང་ཧོང་ཀོང་གི་ཕྱི་སྐྱོད་ལག་དེབ་འཛིན་མཁན་ཚོར་རྒྱ་ནག་སྐམ་ས་ཆེན་མོ་དང་མི་འདྲ་བར་དམིགས་བསལ་གྱི་གུ་ཡངས་ཡོད་པ་དག་ཀྱང་རྩིས་མེད་དང་། ཧོང་ཀོང་དང་ཨ་རིའི་བར་བྲོས་བྱོལ་སོང་བའི་ཉེས་ཅན་རྩིས་སྤྲོད་ཀྱི་གན་རྒྱ་དེ་ཡང་རྩིས་མེད་བཏང་ཡོད་འདུག དེ་བཞིན་ཨ་རིས་ཧོང་ཀོང་གི་ཉེན་རྟོག་པར་སྦྱོང་བརྡར་སྤྲོད་རྒྱུ་དང་། ཨ་རིའི་ས་ཁམས་ཞིབ་འཇུག་ལྟེ་གནས་ (US Geological Survey) དང་ཧོང་ཀོང་གི་གོ་ལ་དང་མཁའ་དབྱིངས་ཞིབ་འཇུག་ཁང་ (Chinese University’s Institute of Space and Earth Information Science) བར་གྱི་མཉམ་འབྲེལ་གྱི་ཞིབ་འཇུག་ལས་གཞིས་མཚོན་པའི་མཉམ་འབྲེལ་ཀྱི་ཤེས་ཡོན་ལས་གཞི་ཁག་ཀྱང་མཚམས་འཇོག་བྱས་ཡོད་འདུག གཞན་ཡང་ཨ་རིའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་སློབ་གཉེར་བ་ཚོ་ཨ་རིའི་ནང་སློབ་གཉེར་བྱ་རྒྱུའི་རིག་གཞུང་བརྗེ་ལེན་གྱི་སྲིད་བྱུས་དེ་ཡང་ཧོང་ཀོང་ནང་བཀག་ཡོད་འདུག

རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་རྒྱབ་སྐྱོར་མོས་མཐུན་བྱས་པའི་ཧོང་ཧོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་དེ་ཉིད། དམངས་ཆེན་རྒྱུན་ལས་ཀྱིས་གཏན་འབེབ་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱས་པ་དང་བསྟུན། ཨ་རིའི་གཙོས་དབྱིན་ཡུལ་དང་ཨོ་གླིང་། ཡུ་རོབ་མཐུན་ཚོགས། ཉི་ཧོང་། ཐའེ་ཝན། གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། ད་ཐེངས་ཀྱི་ཨ་རིའི་ཁྲིམས་ཡིག་དེ་ཡང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དེར་ཡ་ལན་གྱི་ཚུལ་དུ་གཏན་འབེབ་བྱས་པ་ཞིག་ཡིན་འདུག ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དེའི་ནང་། རྒྱལ་ཁབ་ཀྱི་སྲིད་དབང་མགོ་གཏིང་སློག་པ་དང་། གྱེན་ལོག་བྱེད་པ། དྲག་སྤྱོད་ལས་འགུལ་སྤེལ་བ། དེ་བཞིན་ཕྱི་རྒྱལ་གྱི་རྩ་འཛུགས་ལ་ངན་པ་ལག་སྦྲེལ་བཅས་བྱས་ཚེ། ལོ་གསུམ་ནས་ཚེ་བཙོན་བར་གྱི་ཉེས་ཆད་གཅོད་སྲིད་པ་རེད། ཕྱིའི་དབྱེ་ཞིབ་པ་དང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོས་ཁྲིམས་ཡིག་དེ་ནི། ཧོང་ཀོང་གི་རང་སྐྱོང་གནས་བབ་རྩ་བརླག་ཏུ་གཏོང་ཆེད་དང་། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་ཀྱི་མཐའ་མ་ཡིན་པ། ཧོང་ཀོང་ནང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་དང་། སྨྲ་བརྗོད་རང་དབང་ལ་སོགས་པའི་འགྲོ་བ་མིའི་ཐོབ་ཐང་རྣམས་རྡོག་རོལ་གཏོང་ཆེད་གཏན་འབེབ་བྱས་པ་ཞིག་ཡིན་སྐོར་རྗོད་བཞིན་ཡོད།

གཞན་ཡང་། འདས་པའི་བདུན་ཕྲག་འགའ་ཤས་རིང་ནས་ཨ་རྒྱའི་བར་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཐད་འགལ་ཟླ་ཤུགས་ཆེར་འབྱུང་བཞིན་པ་དང་བསྟུན། ཁེ་ཉིན་ཕྱི་ཚེས་ ༡༣ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་ལ་ཁྲིམས་ཐོག་ནས་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་རྩོད་གཞི་ཅན་གྱི་སེ་པེ་རེ་ཊི་ལི་མཚོ་གླིང་ (Spratly Islands) ལ་དབང་བསྒྱུར་བྱ་རྒྱུའི་ཆ་རྐྱེན་གང་ཡང་མེད་སྐོར་དང་། རྒྱ་ནག་གཞུང་གིས་མཚོ་གླིང་ཁུལ་དེར་རྒྱལ་ཁབ་གཞན་གྱིས་ཉ་འཛིན་དང་སྣུམ་འདོན་ལས་གཞི་སྤེལ་རྒྱུར་བཀག་སྡོམ་བརྙས་བཅོས་བྱས་ན་ཁྲིམས་འགལ་ཡིན་སྐོར་ཉེན་བརྡ་བཏང་ཡོད་འདུག དེར་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨ་རིས་དངོས་ཡོད་གནས་ཚུལ་ལ་ལོག་འགྲེལ་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་རྡོག་རོལ་གཏོང་གིན་ཡོད་པ་དང་། ཆེད་དུ་རྒྱ་ནག་དང་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་བར་རྩོད་རྙོག་སློང་གི་ཡོད་སྐོར་བརྗོད་དེ་རྒོལ་གཏམ་བཏང་འདུག  ཨ་རིས་དེ་སྔ་རྒྱ་ནག་གིས་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བཙན་དབང་གིས་རྒྱ་སྐྱེད་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད་ཀྱང་། ད་བར་རྒྱ་ནག་གི་བྱ་སྤྱོད་དེ་དག་ཁྲིམས་འགལ་ཞིག་ཡིན་སྐོར་བརྗོད་མྱོང་མེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༥

Leave a Reply