ཧོང་ཀོང་གི་ནེའུ་ཡོག་དུས་བབ་ཀྱི་རྩོམ་སྒྲིག་ཚན་པ་གནས་སྤོ་འཆར་འདུག

ཧོང་ཀོང་ནང་གི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར་ལས་ཀའི་ཐོངས་མཆན་མ་རག་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པས་ཕྱི་ལོ་ ༢༠༢༡ ལོར་ཡན་ལག་ཁང་གི་རྩོམ་སྒྲིག་ཚན་པ་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ནང་གནས་སྤོ་གཏན་འཁེལ་འདུགཧོང་ཀོང་ནི་རྒྱ་ནག་གཙོ་བོར་གྱུར་བའི་ཨེ་ཤ་ཡའི་ཁུལ་གྱི་གསར་འགྱུར་མཁོ་སྒྲུབ་ཀྱི་ལྟེ་བ་ལྟ་བུར་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཞེས་པ་ལག་བསྟར་བྱས་ཏེ་གསར་འགོད་རང་དབང་ཉེན་ཁའི་གནས་སུ་ལྷུང་རྐྱེན། དེ་རིང་ཨ་རིའི་ནེའུ་ཡོག་དུས་བབ་གསར་ཁང་གིས་ཧོང་ཀོང་ནང་ཡོད་པའི་ཡན་ལག་གསར་ཁང་གི་རྩོམ་སྒྲིག་ཚན་པ་ཕྱི་ལོ་ ༢༠༢༡ ལོར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ (Seoul)ནང་གནས་སྤོ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། ལས་བྱེད་ག་ཚོད་ཅིག་གནས་སྤོ་རྒྱུ་ཡིན་མིན་ཁ་གསལ་མེད་ཀྱང་ལས་བྱེད་ཀྱི་གསུམ་ཆ་གཅིག་གནས་སྤོ་གཏན་འཁེལ་བའི་གནས་ཚུལ་ཐོན་འདུག་ལ། དང་ཐོག་ཉི་ཧོང་གི་རྒྱལ་ས་དང་ཐའེ་ལན་ཌིའི་རྒྱལ་ས་བྷན་ཁོག སེངྒ་པུར་སོགས་ཀྱི་ནང་སྤོ་རྩིས་བྱས་ཡོད་ཀྱང་། མཐའ་མ་དེར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་བདམས་ཡོད་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་ནེའུ་ཡོག་དུས་བབ་གསར་ཁང་གིས། ཧོང་ཀོང་ནང་གི་གསར་འགྱུར་ལས་རིགས་གཉེར་མཁན་ཚོགས་པ་ཁག་གི་མ་འོངས་པ་ངེས་གཏན་མེད་པར་འགྱུར་བཞིན་ཡོད་པར་བརྟེན།  ང་ཚོའི་རྩོམ་སྒྲིག་པའི་ཚན་པ་གནས་སྤོར་བྱ་རྒྱུ་ཡིན། འོན་ཀྱང་། ང་ཚོའི་གསར་འགོད་པ་མུ་མཐུད་ཧོང་ཀོང་ནང་འདུག་གི་ཡོད། ཅེས་བརྗོད་ཡོད་པ་དང་།  ད་བར་ནེའུ་ཡོག་དུས་བབ་ཚུད་པའི་རྒྱལ་སྤྱིའི་གསར་ཁང་ཁག་ལ་རྒྱ་ནག་སྐམ་ས་ཆེན་མོའི་ནང་གསར་འགྱུར་བསྡུ་ལེན་བྱེད་པར་དཀའ་ངལ་རབས་དང་རིམ་པ་འཕྲད་ཡོད་པ་མ་ཟད། ཉེ་སྔོན་ནས་ཧོང་ཀོང་ནང་གི་དུས་བབ་གསར་འགོད་པ་ཚོར་ལས་ཀའི་ཐོངས་མཆན་མ་རག་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་འདུག

ནེའུ་ཡོག་དུས་བབ་ཀྱི་འབྲེལ་མཐུད་འགན་འཛིན་ཨ་རེ་ (Ari Isaacman Bevacqua) ལགས་ཀྱིས། ང་ཚོའི་ཐོག་མའི་དམིགས་ཡུལ་བཞིན་ཧོང་ཀོང་ནང་གཞི་རྩ་བརྟན་པོའི་ངང་བསྡད་དེ། རྒྱ་ནག་དང་ཧོང་ཀོང་གི་གནས་ཚུལ་མུ་མཐུད་སྤེལ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ནེའུ་ཡོག་དུས་བབ་རང་གི་གནས་ཚུལ་ནང་གསར་འགོད་པ་རྣམས་མུ་མཐུད་ཧོང་ཀོང་ནང་བསྡད་དེ་གསར་འགྱུར་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་།  གནས་ཚུལ་གཞན་དག་གི་ནང་དུ་ནེའུ་ཡོག་དུས་བབ་རྒྱལ་སྤྱིའི་སྡེ་ཚན་དང་ཨེ་ཤ་ཡའི་སྡེ་ཚན་གྱི་པར་སྐྲུན་ཚན་པ་དང་ཁྱབ་བསྒྲགས་ཚན་པ། ཚོང་གཉེར་ཚན་པའི་ལས་བྱེད་མ་གཏོགས་རྩོམ་སྒྲིག་དང་གསར་འགོད་ཚན་པའི་ལས་བྱེད་རྣམས་གནས་སྤོ་རྒྱུ་ཡིན་སྐོར་བརྗོད་འདུག

བྷི་བྷི་སིའི་གནས་ཚུལ་ལྟར་ན། ད་ལྟ་ཧོང་ཀོང་ནང་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་སི་ཨན་ཨན་དང་བྷི་བྷི་སི། དེ་བཞིན། བྷོ་ལོམ་བྷག་དང་ཚོང་ལས་རིག་པའི་གསར་འགྱུར་ཆེད་གཉེར་བྱེད་བཞིན་པའི་གསར་ཁང་(CNBC)། ཧྥ་རན་སིའི་གསར་ཁང་(AFP)དང་། ཨ་རིའི་གསར་ཁང་(Wall Street Journal) སོགས་ཀྱི་ཡན་ལག་ལས་ཁུངས་རྒྱ་ཆེན་པོ་ཡོད་ཀྱང་། ད་ལྟའི་ཆར་ཁོང་ཚོས་གནས་སྤོ་བ་སོགས་ཀྱི་འཆར་གཞི་གང་ཡང་བཏོན་མེད་འདུག

ནེའུ་ཡོག་དུས་བབ་ཀྱི་འབྲེལ་མཐུད་འགན་འཛིན་ཨ་རེ་ལགས་ཀྱིས། འདས་པའི་ལོ་བཅུ་ཕྲག་རིང་ཧོང་ཀོང་ནི་ཨེ་ཤ་ཡའི་ནང་གསར་འགོད་རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཧོང་ཀོང་ལ་བརྟེན་ནས་རྒྱ་ནག་ནང་གི་གསར་འགོད་རང་དབང་དང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་སོགས་ཀྱི་སྐོར་ཤེས་རྟོགས་ཐུབ་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་བྱས་པ་ནས་ཧོང་ཀོང་གི་རང་དབང་བརླགས་པ་དང་ཆེས་མཐའ་མའི་རྒྱ་རིགས་ཀྱི་ས་ཆའི་སྟེང་གི་རང་དབང་བརླགས་སོང་ཞེས་པ་སོགས་འཛམ་གླིང་གི་གནད་ཡོད་མི་སྣ་དང་སྲིད་གཞུང་མང་པོས་སེམས་འཚབ་ཆེན་པོ་ཡོད་པ་བསྟན།

བདུན་ཕྲག་སྔོན་མའི་ནང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཧོང་ཀོང་སྤྱི་ཁྱབ་ཁ་རི་ལེམ་ལགས་སུ་བདེ་འཇགས་ཁྲིམས་གསར་ཞེས་པ་ལག་བསྟར་བྱས་རྗེས་ཧོང་ཀོང་ནང་གི་གསར་འགོད་རང་དབང་ལ་དོ་ཕོག་འགྲོ་རྒྱུ་ཡིན་མིན་དྲིས་པར་ཁོང་མོས། རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་ཞེས་པའི་འབྲུ་དོན་དང་མ་འགལ་བ་ཡིན་ན། ཧོང་ཀོང་རང་གི་གསར་འགོད་པ་དང་རྒྱལ་ཕྱིའི་གསར་འགོད་པ་ཚང་མར་གསར་འགོད་རང་དབང་ཐོག་དོ་ཕོག་འགྲོ་རྒྱུ་མིན་པར་བརྒྱ་ཆ་ ༡༠༠ ཁག་ཐེག་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིའི་ནེའུ་ཡོག་དུས་བབ་ནི་ཕྱི་ལོ་ ༡༨༥༡ ལོར་ཐོག་མར་བཙུགས་ཤིང་། ད་བར་རྒྱལ་སྤྱིའི་གསར་འགོད་རིག་པའི་ཚད་མཐོའི་གཟེངས་རྟགས་ (Pulitzer Prize) ཁྱོན་ ༡༣༠ ཐོབ་ཡོད་པ་དང་། འཛམ་གླིང་གི་གསར་ཁང་ལེགས་ཤོས་ཨང་ ༡༨ པ་དང་ཨ་རིའི་གསར་ཁང་ཨང་རིམ་ ༣ པ་དེར་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༠༥ ལོར་ཧོང་ཀོང་ནང་ནེའུ་ཡོག་དུས་བབ་ཀྱི་ཨེ་ཤ་ཡའི་ནང་གི་ཡན་ལག་གསར་ཁང་ཐོག་མ་བཙུགས་ཡོད་འདུག་ལ། ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཀྱི་རྩ་བའི་ཁྲིམས་གཞི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་འོག ལོ་ངོ་ ༥༠ རིང་ཧོང་ཀོང་ནང་ཆབ་སྲིད་བསྒྱུར་བཅོས་རིགས་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་བཟུང་ཧོང་ཀོང་ནང་གི་སྨྲ་བརྗོད་དང་གསར་འགོད་རང་དབང་ལ་བཙན་གནོན་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༡༥

Leave a Reply