ཆབ་སྲིད་བཙོན་ཟུར་དགེ་བཤེས་བྱམས་པ་རྒྱ་མཚོ་ལཊ་དགོངས་པ་རྫོཊ།

ཁ་སང་ཕྱི་ཚེས་ ༡༤ ཉིན་ཐའེ་ཝན་ནང་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དགུང་གྲངས་ ༨༥ ཐོག་དགོངས་པ་རྫོགས་ཡོད་འདུགདགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དགོངས་པ་རྫོགས་རྗེས་ཐའེ་ཝན་གྱི་ཁོང་གི་སློབ་མ་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་ཡི་འདུག་ལ། དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༣༥ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཡོད་པ་དང་། དགུང་ལོ་ ༧ གྱི་སྟེང་སེ་ར་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཧྲིལ་པོ་བཙན་འཛིན་བྱེད་སྐབས། བོད་མི་སེར་སྐྱ་སྟོང་ཕྲག་མང་པོས་རྒོལ་ལན་སྤྲད་དེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་ལྟར། སྐབས་དེར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་འཛིན་བཟུང་བྱས་ཏེ་ལོ་ ༢༠ རིང་བཙོན་འཇུག་བྱས།

ཁོང་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས། ཕྱི་ལོ་ ༡༩༧༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱར་དགུན་གྱི་བཞུགས་གནས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་གཉིས་སུ་བོད་ཀྱི་གནའ་བོའི་རིག་གནས་ཞིབ་འཇུག་པའི་ཁོངས་སུ་བསྐོ་བཞག་བྱས་པ་ལྟར། ལོ་ངོ་ ༡༥ རིང་དེ་འབྲེལ་གྱི་ཞིབ་འཇུག་ཕྱག་ལས་གནང་།

ཕྱི་ལོ་ ༡༩༩༤ ཟླ་ ༡༢ པའི་ནང་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་བཞིན་སྐུ་སྒེར་གྱི་བཞུགས་གནས་སུ་ནང་པའི་གཞུང་ཆེན་རྣམས་ཀྱི་དཀར་ཆག་ཕྱོགས་སྒྲིག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་དགེ་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་ཆོས་དགེ་ལ་བསྐོ་བཞག་གནང་བ་ལྟར། ཐའེ་ཝན་དད་ལྡན་མང་ཚོགས་དང་སློབ་མ་སྟོང་ཕྲག་མང་པོར་ཆོས་དགེ་དང་པོ་དེ་གནང་ཡོད་འདུག

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༥

Leave a Reply