དྷ་རམ་ས་ལར་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་གཙི་གནང་།

དེ་རིང་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་བསྟུན་དྲང་བདེན་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ ༦༠ རིང་བོད་ནང་དྲང་བདེན་མིན་པའི་བྱ་སྤྱོད་གདུག་རྩུབ་ཅན་ལག་ལེན་བསྟར་མུས་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།དེ་རིང་ཕྱི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་བསྟུན། བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཡིས་དྲང་བདེན་མིན་པའི་རྒྱ་ནག་དེ་དྲང་བདེན་གྱི་ཉེན་ཁ་རེད་ཅེས་པའི་འབོད་ཚིག་བསྒྲགས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་སོང་བ་དང་། རྒྱ་གར་ནང་ཡོད་པའི་རྒྱལ་སྤྱིའི་གཞུང་ཚབ་ཁང་ཁག་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྡེ་ཚན་བཅས་ལ་སྦྲག་ཐོག་དང་མྱུར་འཕྲིན་བརྒྱུད། དམིགས་བསལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་དང༌། རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་ཀྱི་སྙན་ཐོ་ཤོག་གྲངས་ ༢༠ ཙམ་ཡོད་པ་ཞིག་འབུལ་རྒྱུ་ཡིན་འདུག

ཚོགས་པ་ལྔའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ནང་། འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་འོག བོད་ནང་གི་བོད་མི་ཚོས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་དང་། ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་བ། དམིགས་བསལ་འདི་ལོ་རྒྱ་དམར་གཞུང་གི་ཏོག་དབྱིབས་ནད་ཡམས་ལ་ཁག་དཀྲིས་ཏེ་བོད་ནང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དགོན་པར་ཆོས་མཇལ་དང་། ཆོས་ཕྱོགས་དང་འབྲེལ་བའི་འདུ་འཛོམས་སོགས་ལ་བཀག་འགོག་དང་དམ་དྲག་ཧ་ཅང་བྱེད་བཞིན་པ། རྒྱལ་ཁབ་བདེ་འཇགས་ལ་ཁག་དཀྲིས་ཏེ་ཕྱི་ཕྱོགས་ཀྱི་དྲ་རྒྱའི་བརྒྱུད་ལམ་ཡོངས་སུ་བཀག་འགོག་དང་། དམིགས་བསལ་ཕྱི་ཕྱོགས་ལ་གཉེན་འབྲེལ་ཡོད་པའི་ནང་མིའི་རིགས་ལ་ལག་ཐོགས་ཁ་པར་ཡན་ཆད་སྔོག་བཤེར་གྱིས་སུན་གཙེར་བཟོ་བཞིན་པ། བོད་ནང་དགོན་སྡེ་གྲྭ་ཚང་དང་མི་མང་འདུ་འཛོམས་སོགས་གང་སར་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་གཅེས་ཆོས་གཅེས། དུས་རབས་གསར་པའི་སློབ་གསོ། ཆོས་ལུགས་ལས་དོན། དར་ཆ་གསལ་སྟོན་སོགས་ཀྱི་མིང་ཐོག་ནས་ཆེད་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་བཏང་བ་སོགས་ཧ་ཅང་ཡིད་སྐྱོ་དགོས་པའི་ཛ་དྲག་གནད་དོན་དེ་དག་རྒྱ་དམར་གཞུང་གིས་འདས་པའི་མི་ལོ་ ༦༠ རིང་འཛམ་གླིང་རྒྱལ་སྤྱིའི་སྟེང་སྦས་སྐུང་བྱས་ཏེ་མགོ་སྐོར་གཏོང་བཞིན་ཡོད་ནི། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་བྱས་ཉེས་འགེབ་སྲུང་བྱེད་བཞིན་པ་ལས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་སྐོར་བཀོད་འདུགགསར་འགོད་གསལ་བསྒྲགས་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱ་དམར་སྲིད་གཞུང་གིས་ཐོག་མ་ཉིད་ནས་ནད་ཡམས་སྔོན་འགོག་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་ཁ་གསལ་མེད་པའི་ཁར། སྦས་གསང་བྱེད་ཐབས་བྱས་པ་དང༌། ནད་ཡམས་དང་འབྲེལ་བའི་གནད་དོན་ཁག་ལ་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་མ་བཏང་བར་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་འཆར་འཛམ་གླིང་ཁྱོན་ཡོངས་ལ་ནད་ཡམས་དེས་དཀའ་ངལ་བསམ་ཡུལ་ལས་འདས་པ་ཞིག་འཕྲད་བཞིན་པ་དེ་དག་གི་ནག་ཉེས་དང༌། འགན་ཁུར་ཆ་ཚང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ཁུར་དགོས་པའི་ཐད། ཨ་རིའི་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་ཁག མི་མང་བཅས་ནས་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་རྒྱབ་སྐྱོར་ཡོད་སྐོར་བརྗོད་སོང་།

དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། སྤྱིར་བཏང་གི་འཆར་གཞི་ནི་བཞུགས་སྒར་དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་རྒྱུན་ལས་དང་ལས་བྱེད་ཡོངས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་ཟས་བཅད་ངོ་རྒོལ་བྱེད་པའི་འཆར་གཞི་སྒྲིག་པ་ཡིན། འོན་ཀྱང་ས་གནས་ཀྱི་ཛ་དྲག་གི་གནས་སྟངས་དང་ལྷག་པར་དུ་ཉེན་རྟོག་པས་མི་མང་པོ་འཛོམས་མི་ཆོག་པའི་ལམ་སྟོན་གནང་བ་ལ་དང་ལེན་དང་གུས་བརྩི་བྱས་ཐོག་དེ་རིང་གསར་འགོད་གསལ་བསྒྲགས་དང་། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་གུས་འདུད་བྱས་ཏེ་དེ་རིང་གི་ལས་འགུལ་མཇུག་སྒྲིལ་གྱི་ཡོད། ཅེས་དང་། རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་ནས་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་དྲང་བདེན་ལ་རྒྱབ་སྐྱོར། བོད་མིའི་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་རང་དབང་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སྔར་ལྷག་ཤུགས་ཆེར་ཞུ་བཞིན་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༡༧

Leave a Reply