ཞི་ཡི་འཕྲིན་ཡིག་དང་རྒྱ་ནག་གི་དཔལ་འབྱོར་འཇིགས་སྣང་།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་སྤྱིའི་ཚོང་ཚོགས་ལ་འཕྲིན་ཡིག་ཅིག་བཏང་སྟེ་ཕྱིའི་ཁེ་ལས་པ་ཚོ་རྒྱ་ནག་ནང་གཞི་ཚུགས་ཏེ་ཚོང་ལས་གཉེར་རྒྱུ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གཙོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕིན་གྱིས་གོ་ལའི་ཚོང་ཚོགས་(Global CEO Council)འགན་འཛིན་རྣམས་ལ་འཕྲིན་ཡིག་ཅིག་བཏང་སྟེ། རྒྱ་ནག་གིས་སྔར་བཞིན་དཔལ་འབྱོར་སྒོ་འབྱེད་ཀྱི་ལམ་ཁ་ཡངས་པོར་ཕྱེ་ཡོད་ལ། ཕྱི་རྒྱལ་གྱི་ཁེ་ལས་བཟོ་གྲྭ་ཁག་གིས་སྔར་བཞིན་རྒྱ་ནག་ནང་མ་འཛུགས་བྱས་པ་ཡིན་ན། རྒྱ་ནག་གིས་དཔལ་འབྱོར་ལམ་ལུགས་འགྱུར་བཅོས་མི་གཏོང་བར་ཚོང་ལས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ་ཡིན་པས། ཕྱི་རྒྱལ་གྱི་ཁེ་ལས་པ་ཚོས་རྒྱ་ནག་ནང་མ་འཇོག་དང་ཚོང་ལས་གཉེར་བ་ནི་གདམ་ག་མ་ནོར་བ་ཞིག་སྐོར་བརྗོད་འདུག

ཞི་ཡི་འཕྲིན་ཡིག་དེའི་ནང་། རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ལ་འཐབ་རྩོད་བྱེད་ཞོར་དཔལ་འབྱོར་གནས་བབ་ཡར་རྒྱས་ལ་ཤུགས་སྣོན་ཆེན་པོ་བྱེད་བཞིན་ཡོད་པས། རྒྱ་ནག་གི་དཔལ་འབྱོར་སྤྱི་ཡོངས་ནས་ལེགས་པའི་ཕྱོགས་སུ་འགྲོ་མགོ་ཚུགས་ཡོད་ལ། རྒྱ་ནག་གིས་སྔར་བཞིན་ཕྱི་རྒྱལ་གྱི་ཁེ་གཉེར་བ་ཚོ་དང་མཉམ་ལས་མཉམ་རྒྱལ་དང་། ཕན་ཚུན་ཞི་འགྲིག་ངང་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་ནག་དང་ཕྱི་རྒྱལ་གྱི་ཁེ་གཉེར་བའི་བར་གོང་འཕེལ་དང་འཐུས་སྒོ་ཚང་བའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་པས། ཕྱིའི་ཁེ་གཉེར་བ་ཚོས་རྒྱ་ནག་ནང་གཞི་ཚུགས་ཏེ་ཚོང་ལས་གཉེར་རྒྱུ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་སྐོར་བརྗོད་འདུག

ཡང་ཁོས། དེང་གི་འཛམ་གླིང་འདིར་རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་པ་དང་། མིའི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཡིན་པས། མཉམ་ལས་མཉམ་རྒྱལ་ནི་འཕེལ་རྒྱས་ཀྱི་ལམ་ཁ་ཆེན་པོ་ཞིག་ཡིན་པས། རྒྱ་ནག་གིས་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ང་ཚོས་མཉམ་དུ་ཚོང་ལས་སྒོ་འབྱེད་ཀྱི་རྣམ་པ་ཡག་པོའི་ངང་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་དང་། ཁྱེད་ཚོས་རྒྱ་ནག་ནང་ཁེ་ལས་སྤེལ་རེས་ཤུགས་ཆེར་བཏང་སྟེ། རྒྱ་ནག་ནང་སྔར་བཞིན་ཁེ་གཉེར་མ་འཇོག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག

ཐེངས་འདིའི་ཞི་ཡི་འཕྲིན་ཡིག་དང་འབྲེལ། རྒྱལ་སྤྱིའི་ཚོས་ལས་དང་སྲིད་དོན་དབྱེ་ཞིབ་པ་ཚོས་ཉེ་བའི་ཉིན་ཤས་རིང་ནས་ཨ་རྒྱ་གཉིས་ཧོང་ཀོང་བདེ་འཇགས་ཁྲིམས་དང་། ཚོང་ལས་གྲོས་མོལ་ཡོང་བཞིན་མེད་པ་མ་ཟད། ཕྱོགས་གཉིས་ནས་བོད་དང་ཡུ་གུར་གྱི་གནད་དོན་དང་འབྲེལ་ནས་མཐོ་རིམ་མགོ་འཁྲིད་ཚོར་ཉེས་ཆད་གཅོད་རེས་བྱེད་བཞིན་པའི་དུས་སྐབས་འདིར། ཞི་ཡིས་རྒྱལ་སྤྱིའི་ཁེ་ལས་བ་ཚོར་ཆེད་དུ་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་འགྱུར་བཅོས་མི་གཏོང་བའི་ཁས་ལེན་དང་། རྒྱ་ནག་ནང་ཁེ་གཉེར་བྱས་ན་གདམ་ག་ནོར་མེད་པ་སོགས་རྒྱ་ནག་གི་དཔལ་འབྱོར་ཕྱོགས་ནས་ཉམས་ཉེས་འགྲོ་བཞིན་པའི་རྟགས་མཚན་དང་འཇིགས་སྣང་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་འདུག

དེ་བཞིན་ཁ་སང་ནས་བཟུང་རྒྱ་ནག་ནང་ཟླ་གསུམ་རིང་གི་རྒྱ་ནག་གི་དཔལ་འབྱོར་གནས་ཚད་ ༣།༢ འཕར་ནས། སྔར་ལོའི་རྒྱ་ནག་གི་དཔལ་འབྱོར་དམིགས་ཚད་ ༦།༨ གྱི་གནས་བབ་ཁྲོད་བསླེབས་ཐུབ་མེད་ཀྱང་། སྤྱིའི་ཆ་ནས་ཏོག་ནད་ཀྱི་གནོད་སྐྱོན་ལས་དཔལ་འབྱོར་སླར་གསོ་ཐུབ་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་ནང་ཕྱོགས་ཡོངས་ནས་ཆུ་ལོག་ཡོང་བཞིན་པ་དང་། ཨ་རི་དང་ཚོང་འབྲེལ་ཐད་ནས་ཨ་རིས་རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དང་།  ཆུ་ལོག་རྐྱེན་གྱིས་ཞིང་ལས་དང་འབྲུ་རིགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པས། རྒྱ་ནག་གི་དཔལ་འབྱོར་བབ་གནས་ག་འདྲ་ཡིན་སུས་ཀྱང་ཚོད་དཔག་གི་གནས་སུ་ལྷུང་ཡོད་འདུག

ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཁ་རྡུང་ཤུགས་ཆེན་གཏོང་བཞིན་པ་དང་། རྒྱ་ནག་གིས་གནས་ཚུལ་དེས་ཁ་ཕྱོགས་གཞན་ལ་བསྒྱུར་ཐབས་སུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་རྩོད་རྙོག་སློང་བ་སོགས་བྱས་ཀྱང་། དེ་ལས་ཀྱང་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་མཉམ་འབྲེལ་བྱེད་བཞིན་པ་སོགས། རྒྱ་ནག་ལ་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་མངོན་གསལ་ཆགས་བཞིན་ཡོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེས་ཟེར་བས་གཏམ་བཤད་ཅིག་དང་འབྲེལ། ང་ཚོས་ཨ་རིའི་ཕྱོགས་ལ་ལྟ་ཚུལ་ཡག་པོ་འཛིན་བཞིན་ཡོད་ལ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་འགྱུར་མེད་གནས་ཐབས་དང་།  ང་ཚོར་མུ་མཐུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་འདུན་པ་ཡོད་ཅེས་བརྗོད་ཀྱང་། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་ནི་རྒྱལ་སྤྱིའི་ཉེན་ཁ་ཞིག་ཆགས་ཡོད་པས། ད་ལྟ་འཛམ་གླིང་ཡོངས་ནས་རྒྱ་ནག་དམར་ཤོག་ཚོགས་པ་རྒྱབ་ཕྱི་རྒྱག་པའི་དུས་ལ་བབ་ཡོད་སྐོར་བརྗོད་པ་མ་ཟད། ཉིན་ཤས་སྔོན་ནས་ཨ་རིའི་སྲིད་འཛིན་ཀྱིས་ཀྱང་ད་ལྟ་ཁོང་གི་གཞུང་རྒྱ་ནག་བར་ལ་ཚོང་ལས་ཐད་ནས་སྐད་ཆ་བཤད་རྒྱུའི་འདོད་པ་རྩ་ནས་མེད་ལ། མ་འོངས་པར་འབྲེལ་ལམ་དེ་གཏན་གཅོད་བྱེད་སྲིད་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།

ད་ལྟའི་ཆར་ཕྱོགས་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་སུ་འགྲོ་བཞིན་ཡོད་པའི་རྟགས་མཚན་གཅིག་ནི་འདས་པའི་ཉིན་ཤས་ནས་བཟུང་རྒྱ་ནག་གཞུང་གིས། མི་མང་ལ་དངུལ་ཁང་ནས་དངུལ་ལེན་སྐབས་སྒོར་འབུམ་གཅིག་ལས་ལེན་མི་ཆོག་པ་བཟོས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ ཙམ་ནས་རྒྱ་ནག་གི་ཚན་རིག་བརྟག་དཔྱད་ཁང་དང་བཟོ་ལས་ཁང་ཁག་ལ་དངུལ་གང་འདོད་གཏོང་བའི་ལས་གཞི་མཚམས་ཀྱིས་གྲོན་ཆུང་དགོས་པའི་སྐུལ་མ་དང་། མི་མང་ཁྲོད་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཡོང་བཞིན་པའི་དྲིལ་བསྒྲགས་དང་། ཆུ་ལོག་དང་རང་བྱུང་གནོད་འཚེས་ཞིང་ལས་དང་འབྲུ་རིགས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟ་འབྲུའི་ཐད་ནས་རྒྱ་ནག་རང་གིས་རང་ཁ་གསོ་ཐུབ་པས་མི་མང་ལ་འཇིགས་སྣང་མི་དགོས་ཚུལ་སོགས་ཤུགས་ཆེན་པོས་བསྒྲགས་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༡༧

Leave a Reply