རྒྱ་ནག་དམར་ཤོག་ཚོགས་མི་ཡོངས་རྫོགས་བཀག་སྡོམ་བྱ་རྒྱུའི་ཐད་གྲོས་བསྡུར།

ཨ་རིའི་གཞུང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་ ༩༢ ལྷག་དང་ཁོ་ཚོའི་ནང་མི་སྤུན་མཆེད་བཅས་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུའི་ཐད་ནང་ཁུལ་གྲོས་བསྡུར་གནང་གི་ཡོད་པའི་གནས་ཚུལ་ཐོན།ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས། ཨ་རིའི་གཞུང་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁོ་ཚོའི་ནང་མི་སྤུན་མཆེད་རྣམས་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་མིན་ཐད་ནང་མོལ་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་བ་དང་བསྟུན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གལ་ཏེ་བདེན་པ་ཡིན་ཚེ་སྟོབས་ཆེན་རྒྱལ་ཁབ་ཅིག་གི་བྱེད་སྟངས་དེ་ཧ་ཅང་ཡ་ང་བོ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་ཧྥོག་སི་གསར་ཁང་ (Fox News) གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ལགས་ལ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐད་ཀར་ལན་མ་སྤྲད་པར། ཨ་རིའི་འཛིན་སྐྱོང་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་ཐབས་འཚོལ་བཞིན་ཡོད་ཀྱང་། དེ་ཉིད་ཨ་རིའི་ལུགས་སྲོལ་དང་མཐུན་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་དང་འབྲེལ་ཡོད་མི་སྣས་ཐབས་བྱུས་མང་པོ་ཞིག་ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་ལ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཀེ་ལེ་མེག་ནེ་ནི་ (Kayleigh McEnany) ལགས་ཀྱིས། ད་ལྟའི་ཆར་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་ནག་ཐད་ཐག་གཅོད་གང་ཡང་བྱས་མེད་སྐོར་བརྗོད་ཡོད་འདུག

ཁ་སང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) ཟེར་བས་གསར་འགོད་པའི་དེ་འབྲེལ་གྱི་དྲི་བར་ལན་འདེབས་སྐབས། ང་ཚོའི་རེ་བ་ལ་ཨ་རིའི་ངོས་ནས་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མེད་པའི་བྱ་སྤྱོད་རིགས་སྤང་རྒྱུ་དང་། རང་གི་ཆེ་མཐོང་དང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆ་འཇོག་དང་གནས་བབ་བརླག་ཏུ་མི་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་རྒོལ་གཏམ་སྤེལ་ཏེ་ཨ་རིའི་བྱེད་ཐབས་དེ་ནི་ཡ་ང་བ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུགཊོམ་ཕུ་འཛིན་སྐྱོང་གི་ནང་མོལ་དེར་རྒྱུས་མངའ་ཡོད་པའི་མི་སྣ་བཞིས་ནེའུ་ཡོག་དུས་བབ་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱ་རྒྱུའི་ཐད་གོ་བསྡུར་ཙམ་ལས་ཐག་གཅོད་ཟིན་མེད་ཅིང་། ནང་མོལ་སྐབས་རྒྱ་ནག་བཅིངས་གྲོལ་དམག་ཟེར་བ་དང་། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་རྩ་འཛུགས་ཁག་གི་མགོ་འཁྲིད་རྣམས་ཀྱང་བཀག་སྡོམ་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག ཡང་རེ་འགས་རྒྱ་ནག་གི་ཏང་མི་ཡོངས་རྫོགས་བཀག་སྡོམ་བྱ་རྒྱུའི་ཚབ་ཏུ། རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་ (Politburo) གི་ཚོགས་མི་ ༢༥ རྣམས་བཀག་སྡོམ་བྱ་དགོས་སྐོར་ཡང་བཤད་ཡོད་འདུག ད་ཐེངས་ཀྱི་ནང་མོལ་ནང་ཨ་རིའི་ཕོ་བྲང་དཀར་པོའི་འཛིན་སྐྱོང་མི་སྣ་དང་། རྒྱལ་སྲིད་ལྷན་ཁང་། ནང་སྲིད་ལྷན་ཁང་བཅས་ཞུགས་འདུག་ཀྱང་། ད་ལྟའི་ཆར་ཕོ་བྲང་དཀར་པོ་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་ནང་མོལ་སྐོར་གྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག

གལ་ཏེ་ཊོམ་ཕུ་མཆོག་ནས་སྲིད་འཛིན་བཀའ་རྒྱ་བསྒྲགས་ཏེ་བཀག་སྡོམ་སྲིད་བྱུས་དེ་ལག་བསྟར་བྱས་ཚེ། དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་དང་། ཁོ་ཚོའི་ནང་མི་སྤུན་མཆེད། དེ་བཞིན་ད་ལྟ་ཨ་རིའི་གནས་སྡོད་རྒྱ་རིགས་མི་ཉུང་བ་ཨ་རི་ནས་ཕྱིར་ཕུད་གཏོང་སྲིད་སྐོར་རྗོད་བཞིན་འདུག དབྱེ་ཞིབ་པས་སྲིད་འཛིན་ཊོམ་ཕུ་ཡིས་བཀག་སྡོམ་བཀའ་རྒྱ་དེར་མཚན་རྟགས་བསྐྱོན་པའི་དབང་དུ་བཏང་ནའང་། རྒྱ་ནག་ལ་མཚོན་ན་ཁྱོན་དམར་ཤོག་ཚོགས་མི་ས་ཡ་ ༩༢ ལྷག་ཡོད་པ་དང་། ཉུང་མཐར་ཡང་ལོ་རེར་ཨ་རིའི་ནང་རྒྱ་ནག་གི་མི་སེར་ས་ཡ་ ༣ ལྷག་འབྱོར་གྱི་ཡོད་ཅིང་། ཕྱོགས་གཞན་ནས་ཨ་རིའི་གཞུང་ལ་རྒྱ་ནག་མི་སེར་ཁྲོད་སུ་དམར་ཤོག་ཚོགས་མི་ཡིན་མིན་གྱི་གནས་ཚུལ་ཁ་གསལ་མེད་པའི་རྐྱེན་གྱིས། དེ་ཉིད་དངོས་སུ་ལག་བསྟར་བྱ་རྒྱུ་ཁག་པོ་ཡིན་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་དམག་བྱུས་དང་རྒྱལ་སྤྱིའི་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་ནག་ཆེད་མཁས་པ་ཇུ་ཌི་བྷ་ལེན་ཤེ་ཊི་ (Jude Blanchette) ཡིས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཕལ་མོ་ཆེ་པེ་ཅིན་གཞུང་གི་སྲིད་བྱུས་གཏན་འབེབ་སོགས་པའི་ཆབ་སྲིད་བྱ་འགུལ་ནང་ཞུགས་ཀྱི་མེད་ལ་འབྲེལ་བ་ཡང་མེད་སྟབས། དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ལ་ཉེས་ཆད་གཅོད་རྒྱུ་དེ། རྒྱ་ནག་གིས་ཊོམ་ཕུ་ལ་མི་དགའ་བའི་རྒྱུ་མཚན་གྱིས་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོངས་ལ་ཉེས་ཆད་གཅོད་པ་གཅིག་མཚུངས་རེད། ཅེས་དང་། འདི་ལྟ་བུའི་སྲིད་བྱུས་ཀྱིས་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་ ༡༠ ཙམ་ལ་དོ་ཕོག་ཐེབས་ཀྱི་ཡོད་སྟབས། རྒྱ་ནག་གི་མང་ཚོགས་ཁྲོད་དུ་ཨ་རིར་ལྟ་སྟངས་ངན་པ་ཞིག་ཡོང་སྲིད་པ་རེད། ཅེས་དཔྱད་བརྗོད་སྤེལ་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་རིའི་གཞིས་སྤོར་དང་མི་སེར་ཁྲིམས་ཡིག་ (Immigration and Nationality Act) གིས་སྦྱིན་པའི་དབང་ཚད་འོག རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་རྒྱུ་མཚན་ཐོག བྱང་ཀོ་རི་ཡ་ཚུད་པའི་ཨི་རཱན་དང་། ལི་བྷི་ཡས་མཚོན་པའི་ཁ་ཆེ་རྒྱལ་ཁབ་ཀྱི་མི་སེར་རྣམས་གནས་སྐབས་རིང་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་ཅིང་། འདི་ལོར་བཀའ་རྒྱ་དེ་ཕར་འགྱངས་གནང་སྟེ། སྔར་མེད་པའི་རྒྱལ་ཁབ་གསར་པ་དྲུག་ཁ་སྣོན་བྱས་ཡོད་འདུག ཐེངས་འདིར་ཡང་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཁྲིམས་ཡིག་འདིའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་མི་རྣམས་བཀག་སྡོམ་བྱ་སྲིད་པ་ཞིག་ཡིན་འདུག

ཚོང་དམག་དང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས། ཨ་རྒྱའི་འབྲེལ་ལམ་དེ་ཆེས་ཛ་དྲག་གི་གནས་སྟངས་ནང་ལྷུང་བཞིན་པའི་སྐབས་འདིར། ཕྱོགས་གཉིས་ཀས་ཕན་ཚུན་ལ་ཚིག་མཚོན་འཕེན་རེས་དང་། སྐབས་རེར་དཔལ་འབྱོར་ཉེས་ཆད་གཅོད་རེས་བྱེད་མུས་ཡིན་པ་རེད། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་ལིའོ་ལགས་ནས་ཧྭ་ཝེ་ཡིས་མཚོན་པའི་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་གི་ལས་མི་རེ་འགའ་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱས་ཡོད་སྐོར་གསལ་བསྒྲགས་གནང་ཡོད་ཅིང་། ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཚོར་ཉེས་ཆད་ཀྱི་ཚུལ་དུ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo) དང་། ཤིན་ཅང་གི་ཆབ་སྲིད་དང་ཁྲིམས་དོན་ལྷན་ཚོགས་ཀྱི་དམར་ཤོག་དྲུང་ཆེ་ཀྲུ་ཧེ་ལིན་ (Zhu Hailun)། ཁུལ་དེའི་མི་དམངས་བདེ་འཇགས་དོ་དམ་ཁང་གི་འགན་འཛིན་ཝང་མེན་ཧྲན་(Wang Mingshan) བཅས་གསུམ་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད། གཞན་ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་གི་དམག་དོན་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་ཨ་རིར་སློབ་གྲྭ་འགྲིམ་བཞིན་པའི་རྒྱ་ནག་གི་སློབ་མ་རྣམས་ཀྱི་ཐོངས་མཆན་བཀག་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༡༧

Leave a Reply