རྒྱ་གར་ནི་ཉམས་ཞན་པའི་རྒྱལ་ཁབ་ཅིག་མིན།

རྒྱ་གར་བདེ་སྲུང་བློན་ཆེན་གྱིས་ཉིན་གྲངས་གཉིས་རིང་ལ་དྭགས་ཀྱི་དམག་ཁུལ་དུ་གཟིགས་སྐོར་དང་འབྲེལ་སྟོབས་ཤུགས་གང་གིས་ཀྱང་རྒྱ་གར་གྱི་ས་མཐོ་གང་ཙམ་ཡང་འཕྲོག་མི་ཐུབ་སྐོར་གསུངས་འདུག

དེ་རིང་སྔ་དྲོར་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་རཱ་རྗི་ནཱ་ཏི་སིང་(Rajnath Singh)མཆོག་དང་། རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བྷ་པེན་རཱ་ཝ་ཊི་(Bipin Rawat)ལགས། དེ་བཞིན་རྒྱ་གར་གྱི་སྤྱི་ཁྱབ་དམག་དཔོན་གྷན་ནཱ་རཱ་ཝ་ནེ་(Gen M N Naravane)ལགས་བཅས་ལ་དྭགས་སུ་ཕེབས་ཏེ། ཡུལ་དེའི་དམག་དཔུང་ལ་ཐུག་འཕྲད་དང་ས་མཚམས་གནད་དོན་ཐད་བསྐྱར་ཞིབ་ཆེད་དམག་དཔོན་ཁག་དང་ཚོགས་འདུ་ཚོགས་བ་སོགས་གནང་གི་ཡོད་འདུག  གཟིགས་སྐོར་འདི་ནི་ཟླ་འདིའི་ཕྱི་ཚེས་ ༣ ཉིན་སྲིད་བློན་མུ་དྷི་མཆོག་གིས་ལ་དྭགས་སུ་གཟིགས་སྐོར་གནང་རྗེས། རྒྱ་གར་གྱི་མཐོ་རིམ་མགོ་འཁྲིད་ཅིག་གིས་གཟིགས་སྐོར་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

བདེ་སྲུང་བློན་ཆེན་མཆོག་གིས་དམག་ཁུལ་དུ་གཟིགས་སྐོར་དང་དྲག་ཆས་སྦྱོང་བརྡར་ལ་གཟིགས་ཞིབ་སོགས་གནང་རྗེས་གཏམ་བཤད་ཅིག་སྤེལ་ཡོད་པའི་ནང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་རྩོད་རྙོག་ཞི་འགྲིག་ཆེད་གྲོས་མོལ་འགྲོ་བཞིན་ཡོད་ཀྱང་། གནས་སྟངས་དེ་ནི་ཐག་གཅོད་དཀའ་མོ་དང་ཁག་ཐེག་ཐུབ་པ་ཞིག་མིན་ན་ཡང་། ངས་ཁྱེད་ཚོར་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ་བཙན་འཛུལ་དང་སྟོབས་ཤུགས་གང་གིས་ཀྱང་ང་ཚོའི་ས་ཆ་མཐོ་གང་ཙམ་ཡང་ལེན་མི་ཐུབ། གལ་ཏེ་ཕན་ཚུན་སྐད་ཆ་བཤད་ནས་ཞི་འགྲིག་དང་རྩོད་རྙོག་སེལ་ཐུབ་པ་ཡིན་ན་དེ་ལས་ཡག་ཅིག་གང་ཡང་མེད་པ་དང་། རྒྱ་གར་ནི་ཉམས་ཞན་པའི་རྒྱལ་ཁབ་ཅིག་མིན། ཞེས་གསུངས་འདུག

ཡང་ཁོང་གིས་མུ་མཐུད། ཉེ་སྔོན་རང་གྷལ་ཝན་ས་མཚམས་ནས་ང་ཚོས་དམག་མི་དང་རྒྱ་ནག་དམག་དཔུང་བར་གདོང་ཐུག་དམར་འཛེང་བྱེད་སྐབས། རྒྱ་གར་དམག་མི་ཚོས་རང་གི་ས་ཆ་སྲུང་སྐྱོབ་ཆེད་ཚེ་སྲོག་བློས་གཏོང་བྱས་ཡོད་པ་དང་། དེ་རིང་འདིར་དམག་དཔུང་ལ་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ན་ཡང་། ཁོ་ཚོས་གློ་བུར་བའི་བློས་གཏོང་དེས་སྐྱོ་སྣང་སྐྱེས་བྱུང་བས་ངས་ཁོ་ཚོར་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ལ། ང་ཚོས་རང་གི་ས་ཆ་མཐོ་གང་ཙམ་ཡིན་ཡང་སྲུང་སྐྱོབ་བྱེད་པར་བློ་ཐག་རྦད་ཆོད་ཡིན། ཞེས་གསུངས་འདུག

བདེ་སྲུང་བློན་ཆེན་གྱི་གཟིགས་སྐོར་ཐད་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། བདེ་སྲུང་བློན་ཆེན་མཆོག་གི་ལ་དྭགས་སུ་གཟིགས་སྐོར་གནང་རྒྱུའི་འཆར་གཞི་སྔར་ནས་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་བོད་ཧིན་ས་མཚམས་གནད་དོན་ཐད། ས་མཚམས་ཁག་གི་དམག་དཔོན་ཚོའི་བརྒྱུད་ལམ་ནས་གྲོས་མོལ་བྱེད་བཞིན་པའི་བར་ལ་ཁེལ་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཞི་འགྲིག་གྲོས་མོལ་ཐེངས་བཞི་པ་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གར་ས་མཚམས་དམག་ཁུལ་ནས་ཞི་གྲོས་ཁྲོད་རྒྱ་ནག་ཕྱོགས་གཉིས་ནས་ས་མཚམས་དམག་མི་ཕྱིར་འཐེན་ཐད་མོས་མཐུན་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། བདེ་སྲུང་བློན་ཆེན་གྱི་གཟིགས་སྐོར་དེས་ཕྱོགས་གཉིས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་མིན་ཐད་ཚད་གཞི་འཇོག་ས་ཞིག་ཆགས་ཡོད་སྐོར་བརྗོད་འདུག

ཐེངས་འདིར་བདེ་སྲུང་བློན་ཆེན་མཆོག་གིས་ཉིན་གྲངས་གཉིས་རིང་ལ་དྭགས་དང་རྗ་མི་ཀཤི་མིར་སོགས་སུ་གཟིགས་སྐོར་གནང་གི་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་དང་འབྲེལ་གཙོ་བོ་ས་མཚམས་ཁག་གི་བདེ་འཇགས་ཐད་དམག་དཔོན་ཚོ་དང་གྲོས་བསྡུར་དང་བསྐྱར་ཞིབ་སོགས་གནང་གི་ཡོད་པ་དང། ད་ལྟའི་ཆར་ཁོང་གི་གཟིགས་སྐོར་ཐད་རྒྱ་ནག་ཕྱོགས་ནས་བརྡ་ལན་གང་ཡང་བཏང་མེད་པ་དང་། ད་བར་རྒྱ་ནག་ཕྱོགས་ནས་མཐོ་རིམ་མགོ་ཁྲིད་ཚོས་ས་མཚམས་དམག་ཁུལ་ཁག་ལ་ལྟ་སྐོར་སོགས་བྱས་མེད་པ་དང་།  ཉེ་སྔོན་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་ཀྱང་གློ་བུར་ལ་དྭགས་ནང་གཟིགས་སྐོར་དང་འབྲེལ་བཙན་ཤེད་ཆེ་བའི་གཏམ་བཤད་སྤེལ་བར་རྒྱལ་སྤྱིའི་སྟེང་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༡༧

Leave a Reply