ཞི་ཅིན་ཕིན་མཚོ་གླིང་གསང་བའི་ཚོགས་འདུར་ཞུགས་ཕོད་ས་རེད་དམ།

འདི་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་མཚོ་གླིང་གསང་བའི་ཚོགས་འདུའི་ཐོག་ཞི་ཅིན་ཕིན་གྱིས་ལས་དོན་མང་པོར་འཐུས་ཤོར་ཕྱིན་པའི་ཐད་ཤུགས་རྐྱེན་ཆེ་བའི་དམར་ཤོག་རྒན་རབས་པ་ཚོས་སྐྱོན་བརྗོད་དྲག་པོ་བྱེད་པར་དོགས་སྣང་དང་ཐེ་ཚོམ་ཡོང་གི་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༧ ཉིན། ཉི་ཧོང་དཔལ་འབྱོར་ཚགས་པར་(Nikkei Asian review)ཡི་རྩོམ་སྒྲིག་པའི་གླེང་སྟེགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཚོའི་ལོ་ལྟར་གསང་བའི་ངང་ཚོགས་བཞིན་པའི་པའེ་ཌེ་མཚོ་གླིང་གི་གསང་བའི་ཚོགས་འདུ་(Beidaihe meeting)འཚོག་གྲབས་ཡོད་པ་དང་། ཚོགས་འདུ་དེ་ནི་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་ལས་ཐོག་སྲིད་འཛིན་གྱི་ལས་དོན་བྱེད་ཕྱོགས་ལ་བསྐྱར་ཞིབ་དང་སྐྱོན་གནས་འདོན་སའི་སྟེགས་བུ་ཁོ་ན་དེ་ཆགས་ཡོད་སྟབས། འདི་ལོར་ཞི་ཅིན་ཕིན་ཚོགས་འདུ་དེར་མཉམ་ཞུགས་བྱེད་པར་ཁ་སྐྱེངས་པོ་དང་ཞེད་སྣང་གི་གནས་སུ་ལྷུང་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་།  ཞི་ཅིན་ཕིན་གྱི་ལས་དོན་བྱེད་ཕྱོགས་མང་པོས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ཉེན་ཁའི་གནས་སུ་ལྷུང་བཅུག་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་སྔར་བྱུང་མ་མྱོང་བའི་ཁ་རྡུང་སྐྱོན་བརྗོད་དང་། ཨ་རི་དང་ཚོང་དམག་གིས་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་དཔལ་འབྱོར་ཉམས་ཆགས་ཕྱིན་པ། ཧོང་ཀོང་གི་ཡར་ལངས་དང་རྒྱ་ནག་ནང་ཆུ་ལོག་གིས་ས་ཁུལ་མང་པོའི་ནང་གནོད་སྐྱོན་ཚབས་ཆེན་ཐེབས་པ་སོགས། ཞི་ཡི་ལས་དོན་མང་པོ་འཐུས་ཤོར་ཕྱིན་ཡོད་སྟབས་ཚོགས་འདུ་དེ་ཚོགས་ཐུབ་མིན་དང་། ཞི་ཅིན་ཕིན་ཚོགས་འདུར་མཉམ་ཞུགས་བྱེད་མིན་སོགས་ལ་དོགས་གཞི་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་འདུག

གནས་ཚུལ་ནང་མུ་མཐུད་ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཤུགས་རྐྱེན་ཆེ་བའི་མི་སྣ་ ༡༠ ཙམ་ཡོད་པ་དང་། དེ་དག་ལས་མི་སྣ་ ༤ ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མན་དང་ཧུའུ་ཅིན་ཐའོ། སྲིད་བློན་ཀྲུའུ་རོང་ཅེ(Zhu Rongji)། ཝུན་ཅ་པོ་སོགས་ཡིན་པ་དང་། མཚོ་ཁུལ་གསང་བའི་ཚོགས་འདུ་དེ་ནི་རྒྱ་ནག་མཐོ་རིམ་མགོ་འཁྲིད་ཚོས་ལས་ཐོག་སྲིད་འཛིན་གྱི་ལས་དོན་བྱེད་ཕྱོགས་དང་འཐུས་ཤོར་སོགས་ལ་བསྐྱར་ཞིབ་དང་སྐྱོན་གནས་འདོན་ས་ཆགས་ཡོད་པས། འདི་ལོའི་ཚོགས་འདུ་དེ་ཞི་ཡིས་ཕྱིར་འཐེན་བྱེད་མིན་དང་ཡང་ན་གནས་བབ་སྤྱིར་བཏང་མ་ཡིན་པ་ཞིག་གི་འོག་ནས་ཚོགས་མིན་ནི་ལྟད་མོ་ཆེན་པོ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

པའེ་ཌེ་མཚོ་གླིང་གི་གསང་བའི་ཚོགས་འདུ་དང་རྒྱ་ནག་དམར་ཤོག་མཐོ་རིམ་མགོ་འཁྲིད་ཚོའི་གསང་བའི་ཇུས་ཆེན་ཚོགས་འདུ་ནི། རྒྱ་ནག་གི་སྲིད་འཛིན་མའོ་ཡིས་ཆེད་གཉེར་གྱིས་ད་བར་ལོ་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་ཚོའི་ཚོགས་འདུ་གལ་ཆེན་དང་ཐག་གཅོད་ཆེན་པོ་བྱེད་སའི་གླེང་སྟེགས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་ཐ་ན་རྒྱ་ནག་གི་མ་འོངས་མགོ་ཁྲིད་སུ་ཞིག་ཡོང་མིན་སོགས་ལ་གསང་གྲོས་དང་ཐག་གཅོད་བྱེད་སྲོལ་ཡོད་པ་དང་། ཚོགས་འདུ་དེ་ནི་མགོ་ཁྲིད་ཟུར་པ་ཚོའི་དམར་ཤོག་ཚོགས་པའི་སྲིད་དབང་ལ་ལམ་སྟོན་དང་རང་གི་དབང་ཤུགས་སྟོན་ས་གལ་ཆེན་ཞིག་ཀྱང་ཆགས་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་འདི་ལོའི་ཚོགས་འདུ་དེ་དམར་ཤོག་ཚོགས་པའི་ནང་ཁུལ་སྲིད་དབང་གི་གནས་བབ་ལ་ཚད་གཞི་འཇལ་བྱེད་གལ་ཆེན་ཞིག་ཆགས་ཡོད་པ་དང་། ད་ལྟའི་བར་ཚོགས་འདུ་རིམ་པའི་སྟེང་མགོ་ཁྲིད་ཚོས་དམར་ཤོག་ཚོགས་པ་ནང་ཁུལ་མཐུན་སྒྲིལ་ཆེད། ལས་ཐོག་སྲིད་འཛིན་གྱི་ལས་དོན་བྱེད་ཕྱོགས་ནོར་འཁྲུལ་རིགས་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་སྲོལ་མེད་པར་གསང་བའི་ངང་འཇོག་གི་ཡོད་ན་ཡང་། ཐེངས་འདིར་ཞི་ཡིས་ཕྱི་ཕྱོགས་སུ་སྲིད་ཇུས་ཐད་ནོར་འཁྲུལ་དང་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་དམག་གི་གདོང་ཐུག་ཤོར་བ། གཙང་ཕྱག་ལས་འགུལ་འོག་དམར་ཤོག་ཚོགས་པ་ནང་ཁུལ་དཀྲུག་པ་སོགས་ཀྱིས་དམར་ཤོག་མགོ་ཁྲིད་རྒན་པ་ཚོས་ཁོག་ནད་ཕྱི་ལ་སྟོན་ཆེད་ཡོངས་གྲགས་ངང་སྐྱོན་བརྗོད་བྱ་སྲིད་པ་དང་། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཁོང་ཁྲོའི་ནད་རོ་ཕྱིར་མངོན་ནས། ཞི་ཡི་སྲིད་དབང་ལ་ཉེན་ཁ་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་འདུག

དམར་ཤོག་ཚོགས་པའི་གསང་བའི་ཚོགས་འདུ་དེ་ནི་ཧ་ཅང་གསང་སྟབས་ཀྱིས་ཚོགས་སྲོལ་ཡོད་པ་མ་ཟད། མཐའ་ན་གནས་ཚུལ་དེའི་སྐོར་གྱི་གསར་འགྱུར་དང་པར་རིས་ཙམ་ཡང་ཕྱི་ལ་གཏོང་སྲོལ་མེད་པ་དང་། ཚོགས་འདུ་དེ་ལས་ཐོག་མགོ་ཁྲིད་ཚོ་དང་དམར་ཤོག་མགོ་ཁྲིད་རྒན་པ་ཚོས་མཉམ་རོལ་སྤྲོ་འཆམ་ཞིག་ཀྱང་ཆགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༢༠

Leave a Reply