ཁོར་ཡུག་ལས་འགུལ་མཚམས་འཇོག་མ་བྱས་ན་སློབ་གྲྭར་འགྲོ་མི་ཆོག

ཁོར་ཡུག་འབག་བཙོག་བཟོས་པར་རྐྱེན་བྱས་ཏེ་རྒྱ་ནག་ནང་རང་བྱུང་གནོད་སྐྱོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་དེ་འབྲེལ་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་བཀག་སྡོམ་བྱེད་ཀྱི་ཡོད་འདུག

ཉེ་བའི་ཉིན་ཤས་ནས་བཟུང་རྒྱ་ནག་ནང་ཆུ་ལོག་དང་གཙང་བོ་རྒྱས་ཏེ་མི་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་འབྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁོར་ཡུག་ལས་འགུལ་བ་དང་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་ཚོར་དམ་དྲགས་བྱེད་ཀྱི་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ལོ་ན་ ༡༧ ཡིན་པའི་རྒྱ་ནག་གི་ཁོར་ཡུག་ལས་འགུལ་བ་བུ་མོ་ཆུང་ཆུང་ཨོ་ཧོང་ཡིས(Ou Hongyi)དབྱིན་ཡུལ་གྱི་གྷར་དྷིན་གསར་ཁང་ལ། ད་ལྟའི་ཆར་རྒྱ་ནག་ནང་ཆུ་ལོག་གི་གནས་ཚུལ་དེ་ཧ་ཅང་ཚབས་ཆེན་དང་། འདས་པའི་ལོ་རྒྱུས་ནང་དེ་ལྟ་བུའི་གནས་སྟངས་བྱུང་མྱོང་མེད་སྐོར་དང་། གནས་སྟངས་དེ་དག་ཚང་མ་ཁོར་ཡུག་གཏོར་སྐྱོན་བྱུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་པར། རྒྱ་ནག་གཞུང་གིས་བུ་མོ་དེའི་ཁོར་ཡུག་ལས་འགུལ་མཚམས་འཇོག་མ་བྱས་ན་སློབ་གྲྭར་འགྲོ་མི་ཆོག་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཁོར་ཡུག་ལས་འགུལ་བ་ཨོ་ཧོང་ཡིས་ང་རང་གིས་ཕྱི་ལོ་ ༢༠༡༩ ལོ་ནས་འདས་པའི་ཟླ་ ༡༣ ལྷག་རིང་། རྒྱ་ནག་གི་སློབ་གྲྭ་ཁག་ནང་ཁོར་ཡུག་གོ་རྟོགས་དང་སྲིད་གཞུང་གི་མདུན་དུ་རྒྱུན་ཆད་མེད་པར་ལས་འགུལ་སྤེལ་བ་ཡིན། དམིགས་ཡུལ་གཙོ་བོ་ཁོར་ཡུག་གཏོར་སྐྱོན་གྱི་གནས་སྟངས་མཚམས་འཇོག་དང་ཁོར་ཡུག་སླར་གསོ་ལག་བསྟར་ཡོང་ཆེད་ཡིན་སྐོར་བརྗོད་ཡོད་པ་དང་། ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་མོར་ལས་འགུལ་དེ་རིགས་སྤེལ་མཚམས་འཇོག་དགོས་པ་དང་། སྤྱི་བའི་བདེ་འཇགས་དང་བརྟན་བརླིང་ལ་གནོད་སྐྱོན་བཟོ་མི་ཆོག་པ་སོགས་ལས་འགུལ་མཚམས་མ་བཞག་ན་སློབ་གྲྭར་འགྲོ་མི་ཆོག་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་ན་ཡང་། ཁོང་མོས་ཁོར་ཡུག་ལས་འགུལ་དེ་གནས་སྟངས་གང་ལ་འཕྲད་ཀྱང་མཚམས་འཇོག་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་ནང་ཆར་ཆུ་ཡི་རྐྱེན་གྱིས་ཆུ་ལོག་གི་གནས་བབ་ཛ་དྲག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ཞིང་ཆེན་ཁག་ནང་ཆུ་ལོག་གི་གནོད་སྐྱོན་ཐེབས་མེད་པ་ཧ་ལམ་མེད་པ་དང་། ས་གནས་ཁ་ཤས་སུ་ཆུ་ལོག་གི་ཚད་གཞི་ཧྥེ་ཊི་ ༦ ལྷག་བྱུང་སྟེ། ཁང་པ་མང་པོ་ཆུའི་ནང་ནུབ་སྟེ་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། མི་མང་གི་ཞིང་ལས་འབྲུ་རིགས་ལ་གནོད་སྐྱོན་ཚབས་ཆེན་འབྱུང་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་ཕྱོགས་ནས་བདུན་ཕྲག་སྔོན་མའི་ནང་ས་ཁུལ་ཁག་ཅིག་ནང་ཆུ་ལོག་གི་གནོད་འཚེ་ཡོང་རྒྱུའི་ཛ་དྲག་སྔོན་བརྡ་དེ་རིམ་པ་དང་པོར་སྤར་ཡོད་པ་ལས། གཞན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་དེ་རིགས་སྤེལ་གྱི་མེད་པ་མ་ཟད། གཞུང་ཕྱོགས་ནས་གནས་ཚུལ་སྤེལ་བ་རིགས་ཀྱང་ཆུ་ལོག་དང་རྒུད་སྐྱོབ་གནོད་སེལ་ཡག་པོ་བྱུང་གི་ཡོད་སྐོར་རྐྱང་བཀོད་བཞིན་ཡོད་པ་རེད།

རྒྱ་ནག་ནི་འཛམ་གླིང་གི་གཙང་བོ་དང་རྒྱུག་ཆུ་ལ་ཆུ་མཛོད་མང་ཤོས་རྒྱག་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་དང་། རྒྱ་ནག་གིས་བོད་ཀྱི་གཙང་བོ་ཁག་ལ་ཆུ་མཛོད་བརྒྱ་ཕྲག་མང་པོ་བརྒྱབ་སྟེ་བོད་ཀྱི་གཙང་བོ་དེ་དག་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་ལྟ་བུ་བྱེད་བཞིན་ཡོད་ཀྱང་། ཆུ་ལོག་དང་རང་བྱུང་གནོད་འཚེ་མང་པོས་ཆུ་མཛོད་དེ་དག་གི་བདེ་འཇགས་ལ་ཉེན་ཁ་དང་། ཆུ་མཛོད་དེ་དག་ཤོར་བ་ཡིན་ན་རྒྱ་ནག་གི་ཞིང་ཆེན་མང་པོའི་ནང་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཐེབས་རྒྱུ་ཡིན་པ་སོགས། རྒྱ་ནག་གིས་སོ་སོའི་མགོ་ལ་གཞུ་བྱེད་ཀྱི་མཚོན་ཆ་ལྟ་བུར་འགྱུར་བཞིན་པ་མ་ཟད། ཆུ་ལོག་དང་རང་བྱུང་གནོད་འཚེའི་གོད་ཆག་དང་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་འགལ་བ་ཛ་དྲག་ཆགས་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་། རྒྱལ་སྤྱིའི་རྒྱ་ནག་དབྱེ་ཞིབ་པ་མང་པོས་འདི་ལོར་རྒྱ་ནག་ནང་བསྟུན་མར་རྒྱ་ནག་གི་སྲིད་དབང་ལ་གནོད་གཞིའི་འགལ་རྐྱེན་མང་པོ་ཡོང་བཞིན་པ་དང་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་དང་སྲིད་བློན་ལི་ཡི་སྲིད་དབང་ལམ་ལུགས་ཀྱི་འགལ་བ་ཇེ་གསལ་དུ་འགྲོ་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།

ཁོར་ཡུག་ལས་འགུལ་བ་ཨོ་ཧོང་ཡི་ལགས་སུ་ཁོར་ཡུག་ལས་འགུལ་གྱི་སེམས་ཤུགས་སྐྱེད་མཁན་ནི། སི་ཝེ་ཌེན་(Sweden)རྒྱལ་ཁབ་ཀྱི་ཁོར་ཡུག་ལས་འགུལ་བ་བུ་མོ་གྷེ་རེ་ཊ་ཐན་བྷག་(Greta Thunberg)ལགས་ཡིན་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ནས་ཁོང་མོར་ལས་འགུལ་དེ་རིགས་མཚམས་འཇོག་དགོས་པའི་འཇིགས་སྐུལ་དང་ཉེན་བརྡ་རིམ་པར་བཏང་ཡོད་པ་མ་ཟད། ཁོང་མོའི་སློབ་གཉེར་བྱེད་སའི་ཀོང་ཞི་དགེ་འོས་གཙུག་ལག་སློབ་གྲྭའི་(Guangxi Normal University)སློབ་སྤྱིར་ཁོང་མོས་ལས་འགུལ་མཚམས་འཇོག་ཏུ་འཇུག་དགོས་པ་སོགས་ཀྱི་གནོན་ཤུགས་རིམ་པར་སྤྲད་ཡོད་པ་དང་། ཐེངས་ཤིག་གོང་རིམ་ནས་ཆེད་དུ་མི་བཏང་སྟེ་མོའི་ཀླད་པར་བརྟག་དཔྱད་བྱས་ཏེ། རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་ནང་མོའི་ཀླད་པ་ཐང་ཐང་མིན་པ་དང་། བསམ་བློ་དང་ཀླད་པ་སོགས་ལ་སྐྱོན་ཡོད་པ་སོགས་ཁྱབ་བསྒྲགས་ཀྱིས་མི་མང་གིས་ཁོང་མོའི་ལས་འགུལ་ལ་དོ་སྣང་མི་ཡོང་བའི་ཇུས་ངན་ལག་བསྟར་བྱས་ཡོད་འདུག

ཨོ་ཧོང་ཡིས་གྷར་དྷིན་གསར་ཁང་ལ། ཁོང་མོའི་ཨ་ཕས་མོའི་མ་འོངས་པའི་གནས་བབ་ཐད་སེམས་ཁུར་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་གིས་མོའི་ལས་འགུལ་ལ་བར་ཆད་རིམ་པར་བཟོས་ན་ཡང་ལས་འགུལ་སྤེལ་མཚམས་འཇོག་རྒྱུ་མིན་པར། མུ་མཐུད་མོ་རང་ལྟ་བུའི་ན་གཞོན་མང་པོར་ཁོར་ཡུག་སྐོར་ལ་ཤེས་རྟོགས་ཆེན་པོ་ཡོང་ཐབས་བྱེད་བཞིན་ཡོད་ལ། ད་ལྟའི་ཆར་མོར་རྒྱབ་སྐྱོར་བྱེད་མཁན་ཚོ་དང་མཉམ་དུ་ཁོང་མོའི་གྲོང་སྡེའི་ནང་ཤིང་སྡོང་ ༣༠༠༠ ལྷག་འཛུགས་ཐུབ་ཡོད་པ་དང་། མ་འོངས་པར་ཁོར་ཡུག་སྐོར་གྱི་ལས་འགུལ་ཤུགས་ཆེ་རུ་སྤེལ་རྒྱུའི་དམིགས་ཡུལ་དང་འཆར་གཞི་ཡོད་སྐོར་བརྗོད་ཡོད་འདུག སྔར་ལོའི་ཕྱི་ཟླ་ ༩ ནང་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་གི་ཤུགས་རྐྱེན་འོག་སློབ་ཕྲུག་ཚོས་སྣེ་འཁྲིད་དེ་འཛམ་གླིང་རྒྱལ་ཁབ་ ༡༥༠ ཡི་ནང་གོ་ལའི་ཁོར་ཡུག་གི་ངོ་རྒོལ་ལས་འགུལ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་དེས། འཛམ་གླིང་ཡོངས་སུ་ན་གཞོན་མང་པོས་ཁོར་ཡུག་གནད་དོན་ཐད་དོ་སྣང་བྱེད་ཤུགས་ཆེ་རུ་སོང་ཡོད་ན་ཡང་། རྒྱ་ནག་ནང་ཕྱིའི་གནས་ཚུལ་དམ་དྲགས་དང་ཁོར་ཡུག་གནད་དོན་ཡང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་རིགས་སུ་རྩི་ཡི་ཡོད་སྟབས། ལས་འགུལ་བ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

གསར་འགོདས་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༢༢

Leave a Reply