རྒྱ་རིགས་དྲ་མྱུལ་བ་གཉིས་ལ་ནག་ཉེས་བཙུགས།

ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་རྒྱ་རིགས་དྲ་མྱུལ་བ་ལི་ཤའོ་ཡི་ (Li Xiaoyu) ་དང་ཏོང་ཅཱ་ཀྲི་ (Dong Jiazhi)ཟེར་བ་གཉིས་ཀྱིས་ཨ་རིའི་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་བཟོ་སྐྲུན་ཞིབ་འཇུག་ཁང་སོགས་ཀྱི་གནས་ཚུལ་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་འདུགདེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་རྒྱ་ནག་ཏུ་གནས་སྡོད་རྒྱ་རིགས་དྲ་མྱུལ་བ་ལི་ཤའོ་ཡི་ (Li Xiaoyu) ཟེར་བ་ཞིག་དང་། ཏོང་ཅཱ་ཀྲི་ (Dong Jiazhi)ཟེར་བ་གཉིས་ཀྱིས། ཨ་རིའི་བདེ་སྲུང་གོ་མཚོན་བཟོ་སྐྲུན་ཁང་དང་། ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་བཟོ་མཁན་གྱི་སྒེར་གཉེར་ཞིབ་འཇུག་ཁང་བཅས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་ནག་ཉེས་བཙུགས་འདུག

བྷི་བྷི་སིའི་དེ་འབྲེལ་གནས་ཚུལ་ནང་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་རྒྱལ་ཁབ་བདེ་འཇགས་ཚན་པའི་འགན་འཛིན་ཇོན་ཌེ་མེར་སི་ (John Demers) ཡིས། ད་ལྟ་རྒྱ་ནག་དེ་ཨུ་རུ་སུ་དང་། ཨི་རཱན། བྱང་ཀོ་རི་ཡ་ལྟར་རང་གི་ཁེ་ཕན་གྱི་ཆེད་དུ་དྲ་མྱུལ་བ་ཉེས་ཅན་ཚོར་ལས་ཀ་སྤྲོད་མཁན་གྱི་རྒྱལ་ཁབ་གྲས་སུ་ཚུད་ཡོད། ཐེངས་འདིར་དྲ་མྱུལ་བ་དེ་ཚོས་ཨ་རི་དང་། ཕྱིའི་བཟོ་ཚོང་ཁང་དག་གིས་ངལ་བ་ཁྱད་གསོད་ཀྱིས་བསྐྲུན་པའི་འཕྲུལ་རིག་ཤེས་བྱ་དང་། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་གྲུབ་དོན་དག་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བའི་ལས་དོན་ཆེད་རྐུ་འཁྱེར་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཨ་རིའི་ཁྲིམས་དོན་ལྷན་ཁང་གི་ཉེས་ཁྲིམས་ནང་། རྒྱ་རིགས་དྲ་མྱུལ་བ་དེ་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་། ཏོག་དབྱིབས་ནད་ཡམས་ཀྱི་སྨན་བཅོས་ཐབས་བྱུས་ལ་ཞིབ་འཇུག་བྱེད་བཞིན་པའི་ཨ་རིའི་མེ་སེ་ཅུ་སེ་ཊི་ (Massachusetts) མངའ་སྡེའི་སྐྱེས་དངོས་ཞིབ་འཇུག་ཁང་ལ་གསང་བའི་མྱུལ་ཞིབ་བྱས་ཡོད་པ་དང་། ཡང་ཨ་རིའི་མེ་རི་ལེན་ཌི་ (Maryland) མངའ་སྡེའི་སྤྱི་གཉེར་ཁང་ཞིག་གིས་ཏོག་དབྱིབས་ནད་ཡམས་ལ་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་ཕྱིར་བསྒྲགས་བྱས་ནས་བདུན་གཅིག་མ་འགོར་བར། རྒྱ་རིགས་དེ་གཉིས་ཀྱིས་གནས་ཚུལ་དེར་མྱུལ་ཞིབ་བྱས་ཡོད་འདུག

གཞན་ཡང་ཉེས་ཁྲིམས་ནང་། དེ་སྔ་རྒྱ་རིགས་གཉིས་དེས་སྒེར་གྱི་ཁེ་ཕན་ཆེད་དུ་དྲ་མྱུལ་བྱེད་ཀྱི་ཡོད་ཀྱང་། བར་སྐབས་ཤིག་ནས་རྒྱ་ནག་གཞུང་ལ་ཁེ་ཕན་ཆེན་པོ་ཡོད་པའི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གསང་བའི་ལས་ཁུངས་ (Ministry of State Security) ཀྱིས་ཁོ་གཉིས་ལ་མྱུལ་ཞིབ་བྱེད་སའི་སྤྱི་གཉེར་ཁང་དག་གི་དྲ་རྒྱའམ། གནས་ཚུལ་བསྡུ་སའི་མ་ལག་གི་ཞན་ཆ་རྣམས་སྤྲད་དེ་མྱུར་ཞིབ་བྱེད་དུ་བཅུག་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་ཤས་རིང་དྲ་མྱུལ་བ་དེ་གཉིས་ཀྱིས་ཨ་རི་ཙམ་མ་ཟད། ཨོ་གླིང་དང་། བྷེལ་ཇམ་ (Belgium)། འཇར་མ་ནི་ (Germany)། ཉི་ཧོང་། ལི་ཐུ་ནི་ཡ་ (Lithunia)། ནི་ཐར་ལེན་ཌི་ (Netherlaands)། སི་པེན་ (Spain)། སེ་ཝེ་ཌན་ (Sweden)། དབྱིན་ཡུལ་བཅས་ཀྱི་བཟོ་ཚོང་ཁང་དག་ལ་གསང་མྱུལ་བྱས་ཡོད་པ་མ་ཟད། ཧོང་ཀོང་གི་ལས་འགུལ་བ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་། རྒྱ་རིགས་ཡེ་ཤུ་བའི་ཚོགས་སྡེ་ཁག་ལའང་དྲ་ཐོག་འཇབ་རྒོལ་བྱས་ཡོད་སྐོར་བཀོད་འདུག

ཨ་རིར་རྟེན་གཞི་བྱས་པའི་སྒེར་གཉེར་དྲ་བའི་ཉེན་སྲུང་སྤྱི་གཉེར་ཁང་ FireEye ཡི་དབྱེ་ཞིབ་པ་རྒན་གྲས་བྷེན་རི་ཌི་ (Ben Read) ཞེས་པ་ཞིག་གིས། ད་ཐེངས་ཀྱི་གནས་ཚུལ་འདིས་རྒྱ་ནག་གཞུང་གིས་ཀྱང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་ཁག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅིང་། འདི་ནི་རྒྱལ་ཁབ་ཀུན་ལ་འཕྲད་ངེས་པའི་གཞི་རྩའི་ཉེན་ཁ་ཞིག་ཡིན་ལ། ཏོག་དབྱིབས་ནད་ཡམས་བཅོས་ཐབས་དང་སྔོན་འགོག་སྨན་ཁབ་དང་འབྲེལ་བའི་གནས་ཚུལ་རིགས་ནི་དྲ་མྱུལ་བ་ཚོའི་དམིགས་འབེན་ཞིག་ཏུ་འགྱུར་སྲིད་སྐོར་དང་། རྒྱ་ནག་གིས་དུས་ཡུན་རིང་པོ་ཞིག་ནས་མི་སྒེར་རྣམས་ལ་དྲ་ཐོག་མྱུལ་ཞིབ་བྱེད་དུ་བཅུག་ཡོད་ཅིང་། དེས་རྒྱ་ནག་གཞུང་ལ་མཚོན་ན་ཕྱོགས་གཅིག་ནས་གནས་ཚུལ་འདྲ་མིན་བསྡུ་ལེན་བྱེད་ཐུབ་པ་མ་ཟད། རང་ལ་ཐད་ཀར་ཉེས་མིང་མི་ཕོག་པའི་ཁེ་ཕན་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་དུ་མའི་རིང་ནས་ཨ་རི་གཙོས་པའི་ནུབ་གླིང་རྒྱལ་ཁབ་དག་གིས། རྒྱ་ནག་གིས་དྲ་ཐོག་མྱུལ་ཞིབ་ལས་གཞི་སྤེལ་བཞིན་པར་ཉེས་འཛུགས་རིམ་པར་བྱས་ཡོད་ཀྱང་། རྒྱ་ནག་གིས་དེ་ལྟའི་བྱ་འགུལ་ཞིག་སྤེལ་གྱི་མེད་པ་དང་། ཨ་རིས་རྒྱ་ནག་ལ་དྲ་རྒོལ་དམག་འཁྲུག་སློང་གི་ཡོད་སྐོར་གྱི་སྙོན་འཛུགས་ཀྱང་བྱས་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་དམག་བྱུས་དང་རྒྱལ་སྤྱིའི་རིག་པའི་ལྟེ་གནས་ཁང་ (Center for Strategic and International Studies) གི་སྙན་ཐོ་ཞིག་ནང་། ཉེ་ཆར་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སྐབས། རྒྱ་ནག་ནས་ཡིན་པའི་དྲ་མྱུལ་བས་རྒྱ་གར་གཞུང་གི་ལས་ཁུངས་དང་དངུལ་ཁང་དག་ལ་འཇབ་རྒོལ་བྱས་ཡོད་པ་དང་། འདི་ལོའི་ལོ་མགོ་ནས་རྒྱ་ནག་གི་དྲ་མྱུལ་བས་འཛམ་གླིང་གི་བརྒྱུད་ལམ་ཚན་པ་དང་། སྨན་བཅོས་སྡེ་ཚན། ཁེ་མེད་སྤྱི་ཚོགས་ཞབས་ཞུའི་སྡེ་ཁག་བཅས་ཀྱི་ཁོངས་སུ་ཡོད་པའི་ཚོགས་སྡེ་ཁྱོན་ ༧༥ ལ་དྲ་ཐོག་མྱུལ་ཞིབ་བྱས་ཡོད་འདུག དེ་བཞིན་ཁེ་ན་ཌའི་ཊོ་རོན་ཊོ་སློབ་གྲྭ་ཆེན་མོའི་མི་སེར་བརྟག་དཔྱད་ཁང་ (The Citezin Lab) དང་། བོད་དོན་ལས་འགུལ་ཁང་གི་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ (TibCert) གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་བྱས་ཏེ། འདས་ལོའི་ཕྱི་ཟླ་ ༤ དང་ ༥ པའི་ནང་། རྒྱ་ནག་གི་དྲ་མྱུལ་བས་གསར་འགོད་པའམ། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་མི་ཡིན་ཁུལ་གྱིས། དགའ་ལྡན་ཕོ་བྲང་གི་ལས་བྱེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མགོ་འཁྲིད། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེའི་ལས་མི་རྣམས་ཀྱི་ (Whatsapp) ནང་དྲ་ཐག་རྫུན་མ་བསྐུར་ཏེ་འཇབ་རྒོལ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༢༢

Leave a Reply