རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་མྱུར་ཏུ་མཚམས་འཇོག་དགོས།

ཨ་རིའི་གཞུང་དང་འཛམ་གླིང་རྒྱལ་ཁབ་ ༣༠ ལྷག་གི་གྲོས་ཚོགས་འཐུས་མི་ ༦༠༠ ལྷག་གིས་རྒྱ་ནག་དམར་ཤོག་ཚོགས་པས་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་དང་ཉེས་མེད་བཙོན་འཇུག་བྱས་པ་འཕྲལ་དུ་མཚམས་འཇོག་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་རྩ་རླུང་སྒོམ་སྒྲུབ་ལ་བཀག་སྡོམ་བྱས་ཏེ་ལོ་ངོ་ ༢༡ འཁོར་བའི་ཉིན་མོར་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་འཕྲལ་དུ་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་མནར་གཅོད་གཏོང་མཚམས་འཇོག་དགོས་པ་དང་། བཙོན་འཇུག་བྱས་པ་རྣམས་ཀློད་གྲོལ་གཏོང་དགོས་སྐོར་འབོད་སྐུལ་གནང་འདུག་འདུག

ཨ་རིའི་གཞུང་འབྲེལ་བསྒྲགས་གཏམ་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་ཞི་བའི་ངང་རྩ་རླུང་སྒོམ་སྒྲུབ་པ་དང་། རྩ་རླུང་སྒོམ་སྒྲུབ་བྱེད་ཆོག་པའི་ཐོབ་ཐང་ལ་འཐབ་རྩོད་བྱེད་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། དེ་འབྲེལ་གྱི་གནས་ཚུལ་ཁག་ལས་རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟའང་མུ་མཐུད་རྩ་རླུང་སྒོམ་སྒྲུབ་པ་རྣམས་འཛིན་བཟུང་དང་བཀག་ཉར་སོགས་བྱས་ཏེ། ཁོང་ཚོར་གཉའ་གནོན་དང་མནར་གཅོད་གཏོང་གི་ཡོད་པ་གསལ་པོ་ཡིན་སྐོར་བཀོད་འདུགདེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་འཛམ་གླིང་གི་རྒྱལ་ཁབ་ ༣༠ ཡི་གྲོས་ཚོགས་འཐུས་མི་ ༦༠༠ ལྷག་གིས་རྒྱ་ནག་དམར་ཤོག་ཚོགས་པས་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་མཚམས་འཇོག་དགོས་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཧ་ཅང་བློ་འཚབ་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ཟླ་ ༧ པའི་ནང་ནས་བཟུང་རྩ་རླུང་སྒོམ་སྒྲུམ་པ་ཚོར་ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་གང་བྱུང་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་མ་ཟད། མང་པོ་ཞིག་ལ་མནར་གཅོད་ཚད་མེད་བཏང་གཏོང་བ་དང་རྐྱེན་འདས་སུ་བཏང་བའང་མང་པོ་ཡོད། ཉུང་མཐར་རྩ་རླུང་སྒོམ་སྒྲུབ་པ་སྟོང་ཕྲག་འགའ་དེ་ལྟ་བུའི་མནར་གཅོད་གཏོང་བ་དང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཏེ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཅེས་བཀོད་འདུག

ཡང་དེའི་ནང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་། རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་ཆིངས་ཡིག་ལ་བརྩི་བཀུར་བྱེད་དགོས་པ་དང་། རྩ་རླུང་སྒོམ་སྒྲུབ་པར་མནར་གཅོད་མཚམས་འཇོག་དང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཙོན་འཇུག་བྱས་ཡོད་པའི་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀློད་གྲོལ་གཏོང་དགོས་པ་བཀོད་འདུགདེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༢༩ ཡིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སམ་བྷུ་རོན་བྷ་ཁུ་ (Sam Brownback)ལགས་དང་ཚོགས་མི་གྷེ་རི་བྷུར་ (Gary Bauer) གཉིས་ཀྱིས་བརྙན་ལམ་བརྒྱུད་བསྒྲགས་གཏམ་སྤེལ་བ་དང་། དེ་བཞིན་འཇར་མན་གྱི་གྲོས་ཚོགས་འཐུས་མི་ ༡༣ གྱིས་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་དང་གང་བྱུང་བཙོན་འཇུག་བྱེད་བཞིན་པར་སྐྱོན་བརྗོད་དང་། རྩ་རླུང་སྒོམ་སྒྲུབ་པའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་བསྒྲགས་འདུག

ཕྱི་ལོ་ ༢༠༡༧-༢༠༡༨ ལོའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྙན་ཐོའི་ནང་། རྩ་རླུང་སྒོམ་སྒྲུབ་པ་ཚོར་མུ་མཐུད་གཉའ་གནོན་དང་གང་བྱུང་འཛིན་བཟུང་། དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་པ་དང་། མནར་གཅོད་གཏོང་བ་སོགས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་བྱེད་པ་ནི་དེང་གི་དུས་སུ་འགྲོ་བ་མིའི་དད་མོས་ལ་དམ་དྲག་བྱེད་པ་གདུག་རྩུབ་ཆེ་ཤོས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཡུ་རོབ་མཉམ་འབྲེལ་གྱི་གྲོས་ཚོགས་ཀྱིས་རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་པའི་དབང་བོ་རྐུ་འཁྱེར་བྱས་པའི་གནད་དོན་ཐད་ཉེས་ཆད་གཅོད་པའི་གྲོས་ཆོད་ཞིག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཅིག་མཚུངས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༩ ལོའི་དབྱིན་ཡུལ་གྱི་རྒྱ་ནག་དང་འབྲེལ་བའི་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་སྐབས། ལོ་མང་རིང་རྒྱ་ནག་ནང་དབང་བོ་རྐུ་འཁྱེར་གྱི་གནས་ཚུལ་རྒྱ་ཆེར་འབྱུང་གི་ཡོད་པ་དང་། རྐུ་འཁྱེར་བྱས་པའི་དབང་བོའི་འབྱུང་ཁུངས་གཙོ་བོ་ནི་རྩ་རླུང་སྒོམ་སྒྲུབ་པ་ཡིན་པའི་བསྡོམས་བརྒྱབ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༢༢

Leave a Reply