ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་འདུ་ལེགས་འགྲུབ་བྱུང་བར་འཚམས་འདྲི་མཛད།

ཡུ་རོབ་མཐུན་ཚོགས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་དཔལ་འབྱོར་གྱོང་གུད་ཆེན་པོ་ཐེབས་པ་སླར་གསོའི་ཆེད་དུ་ཡུ་སྒོར་ཐེར་འབུམ་ ༧༥༠ གཏང་རྒྱུར་གྲོས་འཆམ་བྱུང་བར་༧གོང་ས་མཆོག་ནས་བསྔགས་བརྗོད་ཀྱི་གསུང་འཕྲིན་བསྩལ་གནང་འདུག ཁ་སང་ཕྱི་ཚེས་ ༢༡ ཉིན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་(European Council)ཚོགས་ཁོངས་རྒྱལ་ཁབ་ ༢༧ གྱི་ཉིན་གྲངས་ལྔའི་རིང་གི་ཚོགས་འདུ་མཇུག་བསྡུས་ཡོད་པ་དང་། དེ་ནི་གཙོ་བོ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཕོག་པ་སླར་གསོ་ཡོང་ཐབས་ཀྱི་ཚོགས་འདུ་ཞིག་ཡིན་འདུག་ལ། ཚོགས་འདུའི་སྟེང་ཡུ་རོབ་རྒྱལ་ཁབ་ཚང་མས་སྤྱི་མོས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གྱོང་གུད་ཤུགས་ཆེར་ཐེབས་པའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༢༧ གྱི་དཔལ་འབྱོར་སླར་གསོའི་ཆེད། བུན་གཡར་དང་རོགས་དངུལ་གྱི་རྣམ་པའི་ཐོག་ནས་ཁྱོན་ཡུ་སྒོར་ཐེར་འབུམ་ ༧༥༠ (ཨ་སྒོར་ཐེར་འབུམ་ ༨༥༩) གཏང་རྒྱུ་སོགས་ལ་གྲོས་མཐུན་བྱུང་སྟེ་ཚོགས་འདུར་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་དང་། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་གི་ཚོགས་འདུ་ལམ་ལྷོངས་བྱུང་བར་དགའ་བསུའི་གསུང་འཕྲིན་ཞིག་བསྩལ་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཡུ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་ཚོས་ཆེས་དཀའ་ཁག་ཆེ་བའི་དུས་སྐབས་འདིར། ཏོག་དབྱིབས་རིམས་ནད་ཀྱི་དཔལ་འབྱོར་གནོད་སྐྱོན་ཐད་ཚོགས་འདུ་ཚོགས་ཏེ་ལོ་རྒྱུས་རང་བཞིན་གྱི་ལེགས་འགྲུབ་དང་གྲོས་མཐུན་བྱུང་བར་དགའ་བོ་བྱུང་། ཡུ་རོབ་མནའ་མཐུན་ཚོགས་པའི་ཚོགས་མི་ཚང་མས་སྤྱིའི་ཁེ་ཕན་གལ་ཆེན་དུ་གཟིགས་ནས། ཕན་ཚུན་གྲོས་མོལ་དང་ནང་འགྲིག་བརྒྱུད་ནས་མགོ་ཁྲིད་ཚང་མའི་བར་གྲོས་མཐུན་བྱུང་བ་ཞིག་ཡིན་སྐོར་གསུངས་འདུག

ཡང་༧གོང་ས་མཆོག་གིས། ངོས་ཀྱིས་ཡུ་རོབ་མཐུན་ཚོགས་ལ་ཡང་དང་བསྐྱར་དུ་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཚོགས་འདུ་དེའི་སྟེང་ཡུ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་ཁག་གི་བར་གྲོས་མཐུན་བྱུང་བར་ངོས་ནས་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ངོས་ཀྱིས་ད་དུང་ཡུ་རོབ་མཐུན་ཚོགས་ཀྱིས་མ་འོངས་པར་གནམ་གཤིས་འགྱུར་ལྡོག་གིས་གོ་ལའི་ཚ་དྲོད་ཀྱི་འཇིགས་ཉེན་ཡོང་བཞིན་པ་གཙོའི་ལས་དོན་གང་འདྲ་ཞིག་གི་ཐད་གདོང་ལེན་དང་། ཚོགས་འདུ་རིགས་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་། སྟོབས་ཤུགས་ཆེ་བའི་ཡུ་རོབ་མཐུན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱིས་གཞན་ལ་མིག་དཔེ་སྟོན་ཐུབ་པར་ངོས་ལ་ཡིད་ཆེས་ཡོད། ཅེས་བརྗོད་འདུགཉིན་ལྔ་བསྟུད་མར་འཚོགས་པའི་ཚོགས་ཆེན་གྱི་མཐའ་མའི་ཐག་གཅོད་ནང་། ཡུ་སྒོར་ཐེར་འབུམ་ ༧༥༠ དེ་ལས་ཨི་ཊ་ལི་དང་སི་པེན་གྱིས་མཚོན་པའི་ནད་ཡམས་ཀྱིས་ཤུགས་རྐྱེན་དྲག་ཤོས་ཐེབས་པའི་རྒྱལ་ཁབ་རྣམས་ལ་ཡུ་སྒོར་ཐེར་འབུམ་ ༣༩༠ ཡི་རོགས་དངུལ་དང་། དེ་ནས་ལྷག་འཕྲོ་ཡུ་སྒོར་ཐེར་འབུམ་ ༣༦༠ དེ་ཚོགས་ཁོངས་རྒྱལ་ཁབ་གཞན་རྣམས་ལ་སྐྱེད་ཀ་དམའ་བའི་ཐོག་ནས་བུ་ལོན་སྤྲོད་གཏན་ཁེལ་འདུག འོན་ཀྱང་ད་ཐེངས་ཀྱི་དཔལ་འབྱོར་སླར་གསོའི་གྲོས་མཐུན་དེར་ཡུ་རོབ་གྲོས་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་འདུག

ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མཐུན་དེར་ཡུ་རོབ་མཐུན་ཚོགས་(European Council)ཀྱི་གཏན་འཇགས་ཚོགས་གཙོ་ཆར་ལི་སི་མི་ཤཱལ་ (Charles Michel) རང་གི་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་དུ། ང་ཚོས་ལེགས་གྲུབ་བྱུང་སོང་། ང་ཚོས་དཔལ་འབྱོར་སླར་གསོ་དང་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༧ བར་གྱི་སྔོན་རྩིས་ལ་གྲོས་མཐུན་བྱུང་སོང་། འདི་ནི་ནུས་པ་ཆེ་བའི་གྲོས་མཐུན་ཞིག་རེད། དེ་བས་གལ་ཆེ་བ་ནི། ད་ལྟའི་ཆར་གྲོས་མཐུན་འདི་ནི་ཡུ་རོབ་ལ་འོས་ཤིང་འཚམ་པ་ཞིག་རེད། ཅེས་བརྗོད་འདུག་པ་དང་། ཧྥ་རན་སིའི་སྲིད་འཛིན་མེ་ཁོ་རོན་གྱིས་ཕྱི་ཚེས་ ༢༡ ནི་ཡུ་རོབ་ཀྱི་ལོ་རྒྱུས་ལྡན་པའི་ཉིན་མོ་ཞིག་ཡིན་སྐོར་བརྗོད་འདུག དེ་བཞིན་ཡུ་རོབ་མཐུན་ཚོགས་འཛིན་སྐྱོང་ལྷན་ཚོགས་ (European Commission) ཀྱི་ཚོགས་གཙོ་ལྕམ་ཨོར་སོ་ལཱ་ཝན་དྷར་ལའེ་ཡན་ (Ursula von der Leyen) གྱིས་སྒེར་གྱ་ཊུ་ཝི་ཊར་སྟེང་། དེ་རིང་ང་ཚོས་ལོ་རྒྱུས་རང་བཞིན་ལྡན་པའི་གོམ་པ་ཞིག་སྤོས་ཡོད་པ་དེ་ནི་དགའ་སྤོབས་འོས་པ་ཞིག་རེད། འོན་ཀྱང་གལ་འགངས་ཆེ་ཤོས་ནི། ཡུ་རོབ་གྲོས་ཚོགས་ཀྱི་མོས་མཐུན་རྒྱབ་སྐྱོར་འཐོབ་རྒྱུ་དེ་རེད། ཅེས་བཀོད་ཡོད་འདུགཡུ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་མང་པོས་ཐེངས་འདིའི་དཔལ་འབྱོར་གྱི་དཀའ་ངལ་ནི་ཡུ་རོབ་མཐུན་ཚོགས་ཚུགས་པ་ནས། དཔལ་འབྱོར་གྱི་དཀའ་ངལ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཆགས་ཡོད་སྐོར་བརྗོད་བཞིན་ཡོད་པ་དང་། ད་ལྟའི་ཆར་དཔལ་འབྱོར་དཀའ་ངལ་སོགས་ཀྱིས་ཡུ་རོབ་མཐུན་ཚོགས་གནས་ཐུབ་མིན་གྱི་ས་མཚམས་སུ་བསླེབས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་བརྒྱུད་ཡུ་རོབ་རྒྱལ་ཁབ་ནང་ཁུལ་འཆམ་མཐུན་དང་ཏོག་ནད་ཀྱི་དཔལ་འབྱོར་གནོད་ཐེབས་ལ་མཉམ་རྒོལ་བྱ་རྒྱུའི་གྲོས་མཐུན་བྱུང་བ་སོགས་ནི། མ་འོངས་པར་ཡུ་རོབ་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་འོག་འགྲོ་མི་དགོས་པར། རང་ངོས་ནས་ཡུ་རོབ་རྒྱལ་ཁབ་ནང་ཁུལ་ལ་དཔལ་འབྱོར་སླར་གསོ་དང་གཅིག་ཕན་གཅིག་གྲོགས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཆགས་ཐུབ་པའི་དབུ་འཁྱུད་ལྟ་བུ་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་འཇར་མ་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་ཡུན་ཟླ་བ་དྲུག་རིང་གི་ཚོགས་གཙོའི་ལས་འགན་འཁུར་བ་བཞིན་ཡུ་སྒོར་ཐེར་འབུམ་ ༥༠༠ འཆར་འབུལ་ཞུས་ཡོད་པ་དང་།  ཡུ་རོབ་མཐུན་ཚོགས་འཛིན་སྐྱོང་ལྷན་ཚོགས་ནས་འཆར་རྩིས་བསྐྱར་ཞིབ་གནང་བ་བརྒྱུད་ཁྱོན་ཡུ་སྒོར་ཐེར་འབུམ་ ༧༥༠ འཕར་ཆ་གནང་བ་ཞིག་ཡིན་འདུག་ལ། འཇར་མ་ནི་ཡི་སྲིད་བློན་ ཨེན་ཇི་ལ་མཱར་ཁིལ་ (Angela Merkel) མཆོག་གིས།  ང་ཚོས་ཡུ་རོབ་མཐུན་ཚོགས་ཀྱི་འབྱུང་རྒྱུར་ལོ་བདུན་གྱི་དཔལ་འབྱོར་རྨང་གཞི་བཏིང་ཚར་ཡོད་ལ། ད་ལྟ་མཐུན་ཚོགས་ལ་འཕྲད་བཞིན་པའི་དཀའ་རྙོག་ཆེ་ཤོས་དེ་ལ་གདོང་ལེན་བྱེད་ཐབས་ཤིག་བཏོན་ཡོད། ཅེས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༢༢

Leave a Reply

One thought on “ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་འདུ་ལེགས་འགྲུབ་བྱུང་བར་འཚམས་འདྲི་མཛད།