བོད་ནང་ས་ཡོམ་ཤུགས་ཆེན་བྱུང་། 

འདས་པའི་ཉིན་གྲངས་ ༣ ནང་བོད་ཁུལ་གྱི་ས་ཁུལ་མི་འདྲ་བ་ ༥ ལྷག་ནང་ཤུགས་ཚད་འདྲ་མིན་གྱི་ས་ཡོམ་ཐེངས་ ༡༣  མ་ཟིན་ཙམ་བྱུང་ཡོད་འདུག

རྒྱ་ནག་ས་འགུལ་བརྟག་དཔྱད་ལྟེ་གནས་ཁང་ཟེར་བའི་དྲ་རྒྱར་བཀོད་པའི་གནས་ཚུལ་ལྟར་ན། དེ་རིང་ཞོགས་སྔ་བོད་ནང་གི་ཆུ་ཚོད་ ༤:༧ སྟེང་། བོད་ནག་ཆུ་ཉི་མ་རྫོང་དུ་ཚད་རིམ་ ༦།༦ ཅན་གྱི་ས་ཡོམ་ཆེན་པོ་ཞིག་བྱུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན་ས་ཡོམ་གྱི་གཏིང་ཟབ་ཚད་སྤྱི་ལེ་ ༡༠ ཙམ་ཡིན་པ་དང་། ས་ཡོམ་བྱུང་ས་ལྟེ་བ་དེ་མི་མེད་ས་ཁུལ་དུ་ཁེལ་ཡོད་སྟབས་མི་ལ་ཤི་རྨས་བྱུང་མེད་སྐོར་བརྗོད་ཡོད་ན་ཡང་། རྒྱ་ནག་གཞུང་ཕྱོགས་ནས་ས་ཡོམ་བྱུང་བ་དང་ལྷ་ས་དང་ནག་ཆུ་ཉི་མ་རྫོང་སོགས་ནས་རྒུད་སྐྱོབ་རུ་ཁག་ཆེད་གཏོང་གིས་ས་གནས་སུ་མྱུར་སྐྱོབ་བྱེད་བཞིན་ཡོད་སྐོར་བཀོད་འདུག

གཞན་ཡང་རྒྱ་ནག་གི་ས་ཡོམ་ཞིབ་འཇུག་ཁང་ལྟར་ན། ཕྱི་ཚེས་ ༢༢ དང་ ༢༣ གཉིས་རིང་བོད་ཉིང་ཁྲི་གྲོང་ཁྱེར་གྱི་སྤོ་མེས་རྫོང་དང་མཚོ་སྔོན་གདང་ལ་གྲོང་ཁྱེར་གཉིས་ནང་ཚད་རིམས་ ༣ ལྷག་ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཉིང་ཁྲིའི་སྤོ་མེས་རྫོང་དུ་བསྟུད་མར་ཤུགས་ཚད་ ༣།༡ ནས་ ༤།༥ བར་གྱི་ས་ཡོམ་ཐེངས་ ༧ བྱུང་ཡོད་པ་བཅས། འདས་པའི་ཉིན་གྲངས་ ༣ ནང་བོད་ཀྱི་ས་ཁུལ་མི་འདྲ་ ༥་ཙམ་ལ་ས་འགུལ་ཐེངས་  ༡༣ བྱུང་ཡོད་སྐོར་བཀོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན། ཨ་རིར་ཡོད་པའི་རྒྱ་ནག་རྩ་རླུང་སྒོམ་སྒྲུབ་ཚོགས་པའི་ཨེ་ཕེག(Epoch Times)དུས་བབ་སྟེང་སྤེལ་བའི་གནས་ཚུལ་ནང་། འདས་པའི་ཉིན་ཤས་རིང་བོད་དང་ཤིན་ཅང་གི་ས་ཁུལ་གཉིས་ནང་བསྟུན་མར་ས་ཡོམ་མང་པོ་བྱུང་ཡོད་པ་དང་། མ་འོངས་པར་ས་ཁུལ་དེ་གཉིས་ནང་ས་ཡོམ་ཤུགས་ཆེན་པོ་ཡོང་གཞིའི་རྟགས་མཚན་ཡོང་གི་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་དེ་རིགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཅུག་གི་མེད་པར་བཀག་འགོག་བྱས་ཡོད་སྐོར་བརྗོད་ཡོད་པ་མ་ཟད། གནས་ཚུལ་ནང་མུ་མཐུད་ད་ལྟའི་ཆར་རྒྱ་ནག་ལྷོ་ཁུལ་གྱི་ས་ཁུལ་མང་པོའི་ནང་ཆུ་ལོག་གིས་དུས་ཚིགས་དང་པོའི་ས་ཞིང་དང་འབྲུ་རིགས་རྨོ་འདེབས་རྩ་མེད་བཏང་ཡོད་པ་དང་། ལོ་མཇུག་ཏུ་རྒྱ་ནག་རྒྱལ་ཡོངས་སུ་ཟ་འབྲུའི་དཀའ་ངལ་ཡོང་རྒྱུ་སོགས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་དེ་རིགས་བརྒྱུད་ལམ་ཁག་ཏུ་ཁྱབ་བཅུག་གི་མེད་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༢༧

Leave a Reply