ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་གྱི་མིང་བརྗེ་དགོས་པའི་གྲོས་ཆོད་བཞག

ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་ཕྱི་སྐྱོད་ལག་ཁྱེར་གྱི་མདུན་ངོས་ཡི་གེ་དང་མཁའ་འགྲུལ་གནམ་གྲུའི་ཐོག་China ཞེས་པའི་ཡིག་འབྲུ་དེ་ཡོད་རྐྱེན་རྒྱལ་སྤྱིའི་ཐོག་ནས་གོ་ལོག་ཐེབས་ཀྱི་ཡོད་སྟབས་ཐའེ་ཝན་ཕྱོགས་ནས་བཟོ་བཅོས་གཏོང་རྒྱུ་སྤྱི་མོས་གཏན་འབེབ་བྱུང་འདུག ཁ་སང་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གི་སྐབས་དོན་ཚོགས་འདུའི་ཐོག དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་གྱི་ངོས་འཛིན་མཐོར་འདེགས་གཏོང་དགོས་པའི་གྲོས་གཞི་བཏོན་པ་ལྟར། ངོ་བཅར་འཐུས་མི་ཁྱོན་ ༦༤ ནས་སྤྱི་མོས་ཐོག་གཏན་འབེབ་བྱུང་ཡོད་པ་དང་། ཐེངས་འདིའི་གྲོས་ཆོད་ནང་སྲིད་འཛིན་སྡེ་ཁག་ནས་ཕྱི་སྐྱོད་ལག་ཁྱེར་ལ་ངོས་འཛིན་ལྡན་པའི་ཇུས་འགོད་དང་རྒྱལ་དམངས་ཀྱི་ཆེ་མཐོང་སྲུང་སྐྱོབ།  རྒྱལ་སྤྱིའི་ཐོག་ཡུལ་སྐོར་སྟབས་བདེ་དང་བདེ་འཇགས་ཡོང་བར་ལེགས་བཅོས་ཁག་ཐེག་དགོས་པ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་གི་གོ་ལོག་སེལ་ཆེད་ཐའེ་ཝན་མཁའ་འགྲུལ་གནམ་གྲུའི་མིང་ཡང་ངེས་པར་དུ་བརྗེ་དགོས་པའི་དགོངས་འཆར་བཏོན།

དེ་ཡང་དམངས་གཙོ་ཡར་ཐོན་ཚོགས་པས་བཏོན་པའི་གྲོས་གཞིའི་ནང་དུ།  རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་སྦ་གསང་བྱས་རྐྱེན་འཛམ་གླིང་མི་མང་ལ་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཉམས་རྒུད་ཆེན་པོ་གཏོང་བཞིན་ཡོད་པར་བརྟེན། འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་སྔར་ལས་དྲག་པོའི་རྒོལ་བ་དང་ཡ་གླིང་གི་མི་ཚོར་དམའ་འབེབ་མཐོང་ཆུང་གཏོང་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་རེད། རྒྱལ་ཁབ་ཁག་གི་ནང་དུ་སྐྱོད་སྐབས་ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་གྱི་མདུན་ངོས་སུ་ REPUBLIC OF CHINA ཞེས་བྲིས་པའི་ཡིག་འབྲུ་དེ་མཐོང་སྐབས་རྒྱ་ནག་ནས་ཡོང་བ་ཞིག་ལ་གོ་ལོག་ཐེབས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་ TAIWAN ཞེས་ཟུར་མཆན་བཀོད་ཡོད་ཀྱང་ད་དུང་འཁྲུལ་གཞིའི་རིགས་འབྱུང་སླ་བོ་ཡོད་སྟབས། སྲིད་འཛིན་སྡེ་ཁག་ནས་ངེས་པར་དུ་ཕྱི་སྐྱོད་ལག་ཁྱེར་ལེགས་བཅོས་གཏོང་བའི་ཐབས་ལམ་འདོན་དགོས་སྐོར་བརྗོད་འདུག

སྤྱིར་ཕྱི་ལོ་ ༢༠༠༣ ཟླ་ ༨ པ་ནས་བཟུང་། ཐའེ་ཝན་གྱིས་ཕྱི་སྐྱོད་ལག་ཁྱེར་གྱི་མདུན་ཤོག་གི་རྒྱལ་རྟགས་དང་ཕྱི་སྐྱོད་ལག་ཁྱེར་ཞེས་པའི་བར“ཐའེ་ཝན”ཞེས་པའི་ཡིག་འབྲུ་གཉིས་ཁ་སྣོན་བྱས་ཡོད་པ་དང་།  དེ་ནི་ཐའེ་ཝན་(ཀྲུང་ཧྭ་མི་སེར་རྒྱལ་ཁབ)དང་རྒྱ་ནག་(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ)གཉིས་ཐ་དད་ཡིན་པ་སྟོན་ཆེད་དུ་དམིགས་པ་ཞིག་ཡིན་འདུག

གཞན་ཡང་། དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་གཞིའི་ནང་མཁའ་འགྲུལ་གནམ་གྲུའི་མིང་བཟོ་བཅོས་དགོས་སྐོར་བཀོད་པའི་ནང་། ཐའེ་ཝན་གྱི་མཁའ་འགྲུལ་(中华航空 CHINA AIRLINES)ཞེས་པ་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་རྒྱལ་སྤྱིའི་མཁའ་འགྲུལ་(中国国际航空 AIR CHINA)ཞེས་པར་ནོར་གྱི་ཡོད་སྟབས། སྲིད་འཛིན་སྡེ་ཁག་ནས་ངེས་པར་དུ་དུས་བཅད་ནང་འབྲེལ་ཡོད་སྡེ་ཁག་ལྷན་དུ་གྲོས་བསྡུར་བྱས་ཏེ། ཐའེ་ཝན་མཁའ་འགྲུལ་གྱི་རྒྱལ་སྤྱིའི་ངོས་འཛིན་ཚད་མཐོ་རུ་བཏང་ནས་ཐའེ་ཝན་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པར་ཁག་ཐེག་དགོས་སྐོར་བརྗོད་འདུགཐའེ་ཝན་དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་། ཐེངས་འདིའི་གྲོས་གཞི་དེ་ནི་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཐའེ་ཝན་གྱིས་ཡུ་རོབ་དང་ཨ་རིའི་ནང་ཁ་རས་མང་པོ་ཞལ་འདེབས་སྤྲོད་སྐབས། ཐའེ་ཝན་གྱི་གནམ་གྲུའི་ཐོག་གི་ (China Airline) ཞེས་པ་དེའི་རྐྱེན་གྱིས། རྒྱལ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དེ་སྤེལ་སྐབས་རྒྱ་ནག་ནས་ཡོང་བའི་གནམ་གྲུ་ཞིག་གིས་ཞལ་འདེབས་བསྐྱལ་ཡོང་བའི་སྣང་ཚུལ་བསྐྲུན་ཡོད་སྟབས། དམངས་གཙོ་ཡར་ཐོན་ཚོགས་པས་གྲོས་གཞི་འདི་བཏོན་དགོས་བྱུང་སྐོར་བརྗོད་འདུག

གོ་ལོག་གི་གནས་ཚུལ་དེ་བྱུང་སྐབས། ཐའེ་ཝན་སྲིད་འཛིན་སྡེ་ཁག་གི་འགན་འཛིན་སུའུ་ཀྲིན་ཁྲང་གིས། ཐའེ་ཝན་ལ་འདི་ལྟ་བུའི་དཀའ་ངལ་མང་པོ་ཕྲད་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་དཀྱིལ་དུ་ཁྲིམས་བཟོ་ལྷན་ཚོགས་ཀྱི་དྲི་བ་དྲིས་ལན་སྐབས་སུ། སུའུ་ཀྲིན་ཁྲང་གིས། མཁའ་འགྲུལ་ཐོབ་ཐང་སོགས་ཀྱིས་མཁའ་འགྲུལ་གནམ་གྲུའི་མིང་བརྗེ་རྒྱུ་དེ་ལས་སླ་བོ་མེད་ཀྱང་། སྲིད་གཞུང་གིས་གོམ་པ་རིམ་བགྲོད་ངང་བསྒྲུབ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག་ལ། དེ་ནས་བཟུང་ཐའེ་ཝན་ནས་བཏང་བའི་ཞལ་འདེབས་ཁ་རས་རྣམས་ཀྱི་སྒམ་ཆེན་ཐོག་ཐའེ་ཝན་གྱིས་རོགས་སྐྱོར་བྱེད་ཐུབ་ (Taiwan、Taiwan Can Help) ཅེས་པའི་ཡི་གེ་དང་། ཐའེ་ཝན་གྱི་རྒྱལ་དར་བཅས་གསལ་པོ་བཀོད་ཡོད་འདུག

ཐའེ་ཝན་གཞུང་གི་ཐབས་ཇུས་དེ་བཏོན་རྗེས། རྒྱ་ནག་གཞུང་འབྲེལ་ཐའེ་ཝན་དྲ་བ་ཞེས་པའི་སྟེང་དེ་འབྲེལ་སྐྱོན་བརྗོད་ཅིག་སྤེལ་བའི་ནང་། འདི་ནི་དམངས་གཙོ་ཡར་ཐོན་ཚོགས་པས་ནད་ཡམས་ལ་ཁ་གཡར་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཅེས་པའི་རང་བཙན་རྩོད་ལེན་བྱེད་པའི་ལྐོག་ཇུས་ཀྱི་གོམ་སྟབས་གསར་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༧ ཉིན་ནས་བཟུང་ཐའེ་ཝན་གྱི་རྒྱལ་དམངས་ཐེམ་ཐོ་ཡོད་མཁན་ཚང་མར་ཐོངས་མཆན་མི་དགོས་པའམ། ཡང་ན་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་བསླེབས་རྗེས། ཐོངས་མཆན་ཞུ་བ་དང་ཡང་ན་དྲ་ཐོག་ཐོངས་མཆན་ཞུ་བ་བཅས་ལ་བརྟེན་ནས་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༧༠ ཡི་ནང་འགྲོ་ཆོག་གི་ཡོད་ཅིང་། ད་ལྟའི་ཆར་ཐའེ་ཝན་ནི་ཡུལ་སྐོར་རང་དབང་གི་ཐད་ནས་འཛམ་གླིང་ཡོངས་ཀྱི་ཨང་རིམ་ ༣༣ པ་དེ་ཡིན་པ་རེད།

གནས་ཚུལ་བསྡུ་སྒྲིག་པ་བསྟན་འཛིན་རབ་བརྟན།

བསྐྱར་བཅོས།: ༢༠༢༠/༠༧/༢༣

Leave a Reply