ཆབ་སྲིད་བཙོན་ཟུར་ཞིག་སྐུ་གྲོངས།

ཆབ་སྲིད་བཙོན་ཟུར་གྲྭ་བསྟན་འཛིན་ཆོས་གྲགས་ལགས་ལ་བརྡབ་སྐྱོན་བྱུང་སྟེ་ཡུན་རིང་བདེ་ལེགས་སྨན་ཁང་སོགས་སུ་སྨན་བཅོས་བྱས་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར་ཁ་སང་སྐུ་གྲོངས་འདུག
ལོ་ངོ་ ༡༡ རིང་རྒྱ་ནག་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་བསྟན་འཛིན་ཆོས་གྲགས་ལགས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༩ ནས་ནད་མནར་གྱི་རྐྱེན་པས་ཡུན་རིང་སྨན་པར་བསྟེན་གཏུག་བྱས་ཡོད་ཀྱང་། དྲག་སྐྱེད་མ་བྱུང་བར་ཁ་སང་ཕྱི་ཚེས་ ༢༦ གྱི་ཞོགས་པར་དྷ་རམ་ས་ལའི་བདེ་ལེགས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོང་ཉིད་དགུ་བཅུ་གསུམ་ཚོགས་པའི་ཚོགས་མི་རྒན་གྲས་ཤིག་ཡིན་པ་དང་། ཚོགས་པ་གཅིག་ནང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ཅེས་དང་། ཟླ་ཤས་གོང་རྒན་བསྟན་འཛིན་ཆོས་གྲགས་ལགས་ཅུང་བརྡབ་སྐྱོན་ལྟ་བུ་བྱུང་ཡོད་པ་དང་། སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་སྨན་བཅོས་སོགས་ཀྱི་ཐོག་ནས་རོགས་རམ་གང་ཐུབ་ཅིག་གནང་སྐོར་བརྗོད་བྱུང་།
ཕྱི་ལོ་ ༢༠༠༥ ལོར་རྒན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་པར་སྐྲུན་འགྲེམ་སྤེལ་གནང་བའི་ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་གྱི་དེབ་༼དངོས་མྱོང་མི་ཚེའི་རི་མོ༽ཞེས་པའི་ནང་།  ཁོང་ཉིད་ཕྱི་ལོ་ ༡༩༤༡ ལོར་བོད་མདོ་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་འཁྲུངས་པ་དང་། དགུང་གྲངས་ ༡༠ སྟེང་འབྲི་རུ་རྫོང་གི་རབ་བརྟན་དགོན་དུ་ཆོས་ཞུགས་གནང་། ཕྱི་ལོ་ ༡༩༦༩ ལོར་འབྲི་རུ་རྫོང་ཡོངས་སུ་ཁྱབ་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་མི་མང་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས། ལོ་དེའི་ཕྱི་ཟླ་ ༩ པའི་ཚེས་ ༢༠ ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ལོ་ ༡༡ རིང་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་མཐར། ཕྱི་ལོ་ ༡༩༨༡ ལོར་བཙོན་གྲོལ་ཐོབ་ཅིང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཕ་ཡུལ་ལི་ཐང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་འདས་གྲོངས་སུ་ཕྱིན་པ་དང་། ཕྱི་ཟླ་ ༤ པའི་ནང་རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་ཤེས་རབ་ལགས་དང་། བོད་ཀྱི་མལ་གྲོ་གུང་དཀར་རྫོང་ཀྱི་རང་ཁྱིམ་དུ་ཚེ་རིང་བག་གྲོ་ལགས་འདས་གྲོངས་སུ་ཕྱིན།  དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ ཉིན། བོད་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ་ཆབ་སྲིད་བཙོན་ཟུར་ཆོས་ཀྱིས་ལགས་ཡུན་རིང་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་བཅས། འདི་ལོར་རྒན་བསྟན་འཛིན་ཆོས་གྲགས་ལགས་ཚུད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ ༥ དུས་མིན་འདས་གྲོངས་སུ་ཕྱིན་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༣༠

Leave a Reply