རྒྱ་གར་ནང་རྒྱ་ནག་གི་མཉེན་ཆས་གཞན་ ༤༧ འགོག་གི་འདུག

ཡང་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་དམིགས་ཏེ་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གི་མཉེན་ཆས་གཞན་ ༤༧ བཀག་འགོག་གནང་གི་ཡོད་འདུགརྒྱ་གར་གྱི་གཞུང་འབྲེལ་གསར་ཁང་དྷུར་ཌར་ཤིན་ (Doordarshan)  གསར་ཁང་གི་ཊུ་ཝི་ཊར་སྤྱི་ཚོགས་བརྒྱུད་ལམ་ཐོག རྒྱ་གར་གཞུང་གིས་ཉེ་ལམ་རྒྱ་ནག་གི་མཉེན་ཆས་གྲངས་ ༥༩ བཀག་པ་དེ་དག་དང་ཆ་འདྲ་བའི་མཉེན་ཆས་ (Clone Apps) གྲངས་ ༤༧ འགོག་གི་ཡོད་སྐོར་བཀོད་འདུག་ནའང་། མཉེན་ཆས་དེ་དག་གི་ཐོ་གཞུང་ད་དུང་ཕྱིར་བསྒྲགས་བྱས་མི་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གར་དབུས་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གི་གནས་ཚུལ་ནང་། རྒྱ་གར་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་མཉེན་ཆས་གྲངས་ ༤༧ འགོག་འཆར་ཡོད་པ་དང་། དེ་དག་ནི་ཉེ་ལམ་བཀག་པའི་རྒྱ་ནག་གི་མཉེན་ཆས་ ༥༩ བཀག་པ་དེ་དག་གི་ཚབ་བྱེད་ཐུབ་མཁན་དང་། དེ་དག་དང་ཆ་འདྲ་ཤིང་ཅུང་ཡངས་བའི་མཉེན་ཆས་ཀྱི་རིགས་ཏེ་ཊིག་ཊོག་ལ་ཡེ་ཊི་ (TikTok Lite) དང་ (ShareIt Lite) སོགས་ཡིན་སྐོར་བཀོད་འདུག

དེ་བཞིན་དེ་རིང་སྔ་དྲོར་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ (The Econimic Times) ལ། མིང་བརྗོད་འདོད་མེད་པའི་རྒྱ་གར་དབུས་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གི་ལས་མི་ཞིག་གིས་བརྗོད་པ་ལྟར་ན། རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་གྲངས་ ༢༧༥ ཅན་གྱི་ཐོ་གཞུང་ཞིག་བཏོན་ཏེ། རྒྱ་གར་གྱི་རྒྱལ་སྲུང་དང་དྲ་རྒྱའི་བདེ་འཇགས་བཅས་ལ་ཉེན་ཁ་ཡོད་མེད་ཐད་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། རྒྱ་གར་ནང་རྒྱ་ནག་གི་དྲ་བ་དང་འབྲེལ་བའི་བཟོ་ལས་ཁང་སྒོ་རྒྱག་རྒྱུ་དང་དེ་དག་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

ཡང་དབུས་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གི་ལས་མི་དེས་གསར་ཁང་དེར་མཁོ་སྤྲོད་བྱས་པའི་རྒྱ་ནག་གི་མཉེན་ཆས་དེ་དག་གི་ཁྲོད། དྲ་ཐོག་གི་རྩེད་མོ་ (PubG) དང་། ཞའོ་མི་ (Xiaomi) ཁ་པར་བཟོ་ཚོང་ཁང་གི་དྲ་ཐོག་གི་བརྙན་འདྲ་མིན་སྤེལ་སའི་མཉེན་ཆས་  (Zili) ཨ་ལེ་བྷ་བྷ་བཟོ་ཚོང་ཁང་ (Alibaba) གི་དྲ་ཐོག་གི་ཚོང་འབྲེལ་ཞབས་ཞུའི་མཉེན་ཆས་ (AliExpress)། དེ་བཞིན་གླུ་གཞས་ཀྱི་མཉེན་ཆས་ (Resso) དང་པར་ལེན་མཉེན་ཆས་ (ULike) སོགས་ཡོད་འདུག་ལ། རྒྱ་གར་དབུས་འཕྲུལ་རིག་ལྷན་ཁང་ལ་དེ་དང་འབྲེལ་བའི་ཚོགས་ཆུང་ཞིག་ཡོད་པ་དང་། རྒྱ་ནག་གི་མཉེན་ཆས་བཀག་འགོག་མ་བྱས་སྔོན་དུ་བརྒྱུད་རིམ་ཆ་ཚང་བརྒྱུད་དགོས་སྐོར་བརྗོད་འདུག

ཉེ་ལམ་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་སྔར་ལས་ཤུགས་ཆེར་ཕྱིན་ཏེ། ས་མཚམས་སུ་དམར་འཛིང་བྱུང་ནས་རྒྱ་གར་གྱི་དམག་མི་ ༢༠ ཙམ་རྐྱེན་འདས་སུ་ཕྱིན་སྟབས། ཕྱི་ཟླ་ ༦ ཚེས་ ༢༩ ཉིན། རྒྱ་གར་གྱི་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གིས། རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་གཅིག་གྱུར། བདེ་སྲུང་། རྒྱལ་ཁབ་དང་སྤྱི་དམངས་བདེ་འཇགས་བཅས་ལ་ཉེན་ཁ་ཡོད་སྐོར་བརྗོད་དེ། རྒྱ་གར་ནང་བཀོལ་ཤུགས་ཆེ་བའི་ཊིག་ཊོག་དང་། ཡུ་སི་འཚོལ་བཤེར་མ་ལག སྐད་འཕྲིན་ཚུད་པའི་རྒྱ་ནག་དང་འབྲེལ་བའི་ཁ་པར་གྱི་མཉེན་ཆས་ ༥༩ ནང་བཀག་སྡོམ་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༢༧

Leave a Reply