རྒྱ་ནག་གི་གསང་མྱུལ་ཁྲིམས་འགལ་བ་གཉིས་སྔ་གཞུག་ཏུ་འཛིན་བཟུང་བྱས།

རྒྱ་ནག་དམག་ཁུལ་གྱི་མི་སྣ་ཐང་ཅན་ཟེར་བའི་བུད་མེད་ཅིག་ཁྲིམས་འགལ་ཐོག་ཨ་རིའི་ནང་འཛུལ་ཏེ་རྒྱ་ནག་གཞུང་ཚབ་ཁང་དུ་སྦས་སྐོང་བྱས་ཡོད་ཀྱང་ཕན་ཐོགས་མ་བྱུང་བར་འཛིན་བཟུང་བྱས་ཏེ་ཁྲིམས་བཤེར་ཐོག་མ་འཚོགས་ཀྱི་འདུགརྒྱ་ནག་གཞུང་གིས་གསང་མྱུལ་བ་མང་པོ་འགྲེམ་འཇོག་བྱས་ཏེ་རྒྱལ་ཁབ་ཁག་གི་གསང་བའི་གནས་ཚུལ་དང་མི་སྒེར་གྱི་གནས་ཚུལ་མང་པོ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ནས་གནས་ཚུལ་བསྒྲགས་པ་ལྟར་ན། རང་ལོ་ ༣༩ ཡིན་པའི་ཡའོ་ཅོན་ཝེ་(Yao Jun Wei)ཟེར་བའི་སེང་གྷ་པོར་གྱི་སྐྱེས་པ་ཞིག་གིས། རྒྱ་ནག་གསང་བའི་ལས་ཁུངས་ཀྱི་བཀོད་མངགས་ལྟར། ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ བར་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་བློ་འདྲི་སྤྱི་གཉེར་ཁང་རྫུན་མ་བཟོས་ཏེ། ཨ་རིའི་དམག་ཕྱོགས་དང་སྲིད་གཞུང་གི་མི་སྣ་མང་པོ་བསྡུས་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་པའི་ཉེས་འཛུགས་ཁྲིམས་བཤེར་བྱས་ཡོད་པ་དང་། ཡའོ་ཅོན་ཝེ་ཡིས་ནག་ཉེས་ངོས་ལེན་བྱས་ཡོད་འདུག

ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱི་གནས་ཚུལ་ནང་བཀོད་པ་ལྟར་ན། ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ བར་ཡའོ་ཅོན་ཝེ་ཡིས་ཨ་རིའི་དམག་མི་དང་སྲིད་གཞུང་གི་ལས་གླ་པ་མང་པོའི་བློ་བཀུག་སྟེ། མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་ ༤༠༠ ལྷག་ཙམ་བསྡུས་ཡོད་ཅིང་། དེ་དག་ལས་བརྒྱ་ཆའི་ ༩༠ ནི་ཨ་རིའི་དམག་ཕྱོགས་དང་སྲིད་གཞུང་གི་མི་སྣ་ཡིན་པ་མ་ཟད།  མི་སྒེར་གྱི་ལོ་རྒྱུས་བསྡུས་པའི་ནང་མཁའ་དམག(F-35B)ཡི་སྦས་ཐབས་འཐབ་འཛིང་གནམ་གྲུའི་ལས་གཞི་ཡི་ལས་བྱེད་ཅིག་དང་། ཨ་རིའི་དབུས་རྒྱལ་སྲུང་ལས་ཁུངས་ཀྱི་ཨབ་གྷན་ནང་གི་དམག་དཔོན་ཟུར་པ་ཞིག་ཀྱང་ཡོད་འདུག ཡའོ་ཅོན་ཝེ་ཡིས་བཏང་བའི་གསང་བའི་སྙན་ཞུ་དེ་ཚོར་ཨ་སྒོར་ ༢༠༠༠ སྤྲད་ཡོད་འདུག

ཡའོ་ཅོན་ཝེ་ཡིས་སེང་གྷ་པོར་རྒྱལ་གཉེར་གཙུག་ལག་སློབ་ཆེན་དུ་རིག་གཞུང་མཁས་པའི་ལས་འཁུར་བྱེད་སྐབས།  རྒྱ་ནག་གཞུང་གི་གསང་མྱུལ་བར་ཐེངས་མང་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཡའོ་ཅོན་ཝེ་རྒྱ་ནག་ནང་ཕྱིན་སྐབས་དམིགས་བསལ་གཟིགས་རྟོགས་ཀྱང་བྱས་ཡོད་འདུག ཕྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ནང་ཡའོ་ཅོན་ཝེ་གནམ་གྲུར་བསྡད་དེ་ཨ་རིར་འབྱོར་བ་དང་འཛིན་བཟུང་བྱས་ཡོད་འདུག་ལ། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཛིན་རྗོན་སི་ཌི་མིར་སི་(John C. Demers)ལགས་ཀྱིས། འདི་ནི་རྒྱ་ནག་གཞུང་གིས་ཨ་རིའི་སྤྱི་ཚོགས་སྒོ་འབྱེད་བེད་སྤྱོད་བཏང་བ་ཁུངས་སྐྱེལ་བའི་དཔེ་མཚོན་ཞིག་ཡིན་སྐོར་བརྗོད་འདུག

གཞན་ཡང་། ཨ་རིའི་གཞུང་གིས་ཧོ་སི་ཊོན་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སྒོ་བརྒྱབ་ནས་ཡུན་རིང་མ་སོང་བར། ཨ་རིའི་སན་ཧྥི་རན་སེ་སི་ཁོ(San Francisco)རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སྒོ་རྒྱག་སྲིད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད།  ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་དགོང་མོར། སན་ཧྥི་རན་སེ་སི་ཁོ་ཡི་རྒྱ་ནག་གཞུང་ཚབ་ཁང་དུ་སྦས་སྐོང་བྱས་ཡོད་པའི་རྒྱ་ནག་དམག་ཁུལ་གྱི་མི་སྣ་ཐང་ཅན(Tang Juan)ཟེར་བའི་བུད་མེད་ཅིག་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་བྱང་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ས་ཁར་མན་ཊོ་རྫོང་གི་བཙོན་ཁང་ལྟེ་བའི་(Sacramento County Main Jail)ནང་དུ་བཀག་ཉར་འོག་བཞག་ཡོད་འདུག ཨ་རིའི་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཤར་ཕྱོགས་ཁྲིམས་ཁང་གི་མཉམ་འབྲེལ་ཞིབ་དཔྱོད་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ཟླ་ ༧ ཚེས་ ༢༧ ཉིན་གྱི་ཕྱི་དྲོར་ཐང་ཅན་ཟེར་བ་དེར་ཁྲིམས་བཤེར་ཐེངས་དང་པོ་གནང་རྒྱུ་དང་། སྐབས་དེར་རྒྱ་ཡིག་དྲ་བ་ epochtimesཡིས་ཡུལ་དངོས་ཀྱི་གནས་ཚུལ་ཐད་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས།

ཁྲིམས་ཁང་གིས་བསྒྲགས་པའི་གནས་ཚུལ་ནང་གསལ་བ་ལྟར་ན། རང་ལོ་ ༣༧ ཡིན་པའི་ཐང་ཅན་ཟེར་བ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་མཁའ་དམག་གི་དམག་དཔོན་ཞིག་ཡིན་པ་དང་། མོས་དེ་སྔོན་དམག་མིའི་ཐོབ་ཐང་གསང་སྟེ་ཁྲིམས་འགལ་ཐོག་ནས་ཨ་རིའི་ནང་ཐོངས་མཆན་ཞུས་ཡོད་པ་དང་། ཐང་ཅན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མཁའ་དམག་གསོ་རིག་སློབ་ཆེན་བཞི་པའི་ནང་དུ་ལས་ཀ་བྱས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ པའི་ནང་མོ་དང་མཉམ་དུ་ཞིབ་འཇུག་པ་གཞན་གསུམ་གྱིས་ཀྱང་ཐོབ་ཐང་གསང་ནས་ཨ་རིའི་ནང་འཛུལ་ཡོད་ཀྱང་། དེ་རྣམས་སྔ་ས་ནས་འཛིན་བཟུང་བྱས་ཚར་ཡོད་འདུག

ཨ་རིའི་མཉམ་འབྲེལ་ཞིབ་དཔྱོད་ལས་ཁུངས་(FBI)ཀྱིས། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་དམག་དཔོན་ཐང་ཅན་ལ་དངོས་སུ་ཐུག་འཕྲད་ཀྱིས་འདྲི་རྩད་བྱས་པར། མོས་རང་ཉིད་དམག་ཕྱོགས་ཀྱི་མི་སྣ་ཞིག་ཡིན་པ་ངོས་ལེན་བྱས་མེད་པ་ན་ཡང་། མཉམ་འབྲེལ་ཞིབ་དཔྱོད་ཁང་གིས་དྲ་ལམ་འཚོལ་བཤེར་བྱས་པ་བརྒྱུད་ཐང་ཅན་གྱིས་དམག་ལྭ་ཆ་ཚང་ཞིག་གྱོན་ཡོད་པའི་འདྲ་པར་ལག་སོན་བྱུང་ཡོད་སྟབས། ཕྱི་ཟླ་ ༦ ཚེས་ ༢༦ ཉིན་འཛིན་བཟུང་བཀའ་རྒྱ་བསྒྲགས་རྗེས། མོ་སན་ཧྥི་སེ་སི་ཁོ་རྒྱ་ནག་གཞུང་ཚབ་ཁང་དུ་འཛུལ་ཏེ་སྦས་སྐོང་བྱས་ཡོད་ཀྱང་།  མཉམ་འབྲེལ་ཞིབ་དཔྱོད་ཁང་གིས་གཞུང་ཚབ་ཁང་དེར་ཉིན་ལྟར་ལྟ་རྟོག་བྱས་རྗེས།  ཕྱི་ཟླ་ ༧ ཚེས་ ༢༣ ཉིན་ཐང་ཅན་གཞུང་ཚབ་ཁང་དེ་ནས་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་བསྡུ་སྒྲིག་པ་བསྟན་འཛིན་རབ་བརྟན།

བསྐྱར་བཅོས།: ༢༠༢༠/༠༧/༢༧

Leave a Reply