ནེའུ་ཛི་ལན་ཌི་གཞུང་གིས་རྒྱ་ནག་གཞུང་ལ་མཁྲེགས་པོའི་སྲིད་བྱུས་བཟུང་།

ནེའུ་ཛི་ཅན་ཌི་གཞུང་གིས་ཧོང་ཀོང་ལ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་བཏང་སྟེེ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ཧོང་ཀོང་ཁྲིམས་གསར་ལ་བློ་འཚབ་ཡོད་སྐོར་བསྒྲགས།དེ་རིང་ཕྱི་ཚེས་ ༢༨ ཉིན། ནེའུ་ཛི་ལན་ཌི་ (New Zealand) གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གཏན་འབེབ་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་དེར་བློ་འཚབ་ཡོད་པ་དང་། ཧོང་ཀོང་དང་ནེའུ་ཛི་ལན་ཌི་ (New Zealand) གཉིས་བར་བཞག་ཡོད་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་བཏང་ཡོད་སྐོར་བརྗོད་འདུག

ནེའུ་ཛི་ལན་ཌིའི་ཕྱི་སྲིད་བློན་ཆེན་ཝིན་སི་ཊོན་པི་ཊིར་ (Winston Peters)གྱིས།  ནེའུ་ཛི་ལན་ཌི་གཞུང་གིས་ཧོང་ཀོང་གི་ཉེས་ཅན་ཁྲིམས་དོན་ལམ་ལུགས་ནི་རྒྱ་ནག་ལས་རང་རྐྱ་འཕེལ་བ་ཞིག་ཡིན་པར་ཡིད་ཆེས་དཀའ་བའི་གནས་སུ་ལྷུང་ཡོད་པ་དང་། མ་འོངས་པར་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་ལ་འདུན་པ་ཡོད་པའི་རྣམ་པ་བསྟན་ཚེ། ང་ཚོས་ཐག་གཅོད་འདིར་བསྐྱར་དུ་བསམ་གཏོང་གི་ཡིན། ཞེས་བརྗོད་འདུག་པ་དང་། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱེད་བཞིན་ཡོད་པའི་ཐད་ནེའུ་ཛི་ལན་ཌིའི་སྲིད་གཞུང་ལ་བློ་འཚབ་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས། ནེའུ་ཛི་ལན་ཌི་གཞུང་གིས་ཧོང་ཀོང་དང་འབྲེལ་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བར་དབྱེ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཧོང་ཀོང་ལ་ཕྱིར་འདྲེན་བྱེད་བཞིན་པའི་དམག་དོན་དང་འཕྲུལ་རིག་ལག་རྩལ་སོགས་ཀྱི་ཚོང་ཟོག་རྣམས་ཀྱི་གལ་གནད་ཆུང་དུ་བཏང་སྟེ། རྒྱ་ནག་ལ་ཚོང་ཟོག་དེ་དག་ཇི་ལྟར་གཏོང་གི་ཡོད་པ་བཞིན་གཏང་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ནེའུ་ཛི་ལན་ཌིའི་མི་མང་རྣམས་ཧོང་ཀོང་ནང་འགྲུལ་བཞུད་བྱེད་པར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཀྱི་ཐོག་ནས་ཉེན་ཁ་ཡོད་པའི་ཉེན་བརྡའི་བརྡ་སྦྱོར་སྤེལ་ཡོད་སྐོར་བརྗོད་འདུག

དེ་བཞིན་ནེའུ་ཛི་ལན་ཌིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས། ནེའུ་ཛི་ལན་ཌི་གཞུང་གི་ཐག་གཅོད་དེར་རྒྱ་ནག་གཞུང་གིས་ཡ་ལན་སྤྲོད་རྒྱུ་ཡིན་པ་དང་། ཧོང་ཀོང་གི་གནད་དོན་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་པ་དང་། ནོར་འཁྲུལ་ཅན་གྱི་ལམ་ཁར་མུ་མཐུད་འགྲོ་བ་མཚམས་འཇོག་དགོས་སྐོར་དང་། ཐག་གཅོད་དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྡོག་རོལ་ཚབས་ཆེན་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་གཏན་འབེབ་ལག་བསྟར་བྱས་པ་ནས་བཟུང་། ཁ་ན་ཌ་དང་དབྱིན་ཡུལ། ཨོ་གླིང་བཅས་ཀྱིས་ཁྲིམས་དེ་ཧོང་ཀོང་ནང་ལག་བསྟར་བྱས་པར་བློ་འཚབ་ཡོད་པ་དང་མི་འདོད་པའི་རྣམ་འགྱུར་སྟོན་ཆེད། ཧོང་ཀོང་དང་མཉམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་བཟོས་ཡོད་པ་དང་། ཨ་རིའི་གཞུང་གིས་ཀྱང་གཅིག་མཚུངས་ཀྱི་ཐག་གཅོད་ལ་གྲ་སྒྲིག་བྱེད་བཞིན་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

ཉིན་ཤས་སྔོན་ཨ་རིའི་ཊག་སེ་སི་ (Texas) མངའ་སྡེའི་ཧོ་སི་ཊོན་ (Houston) གྲོང་ཁྱེར་ནང་གི་རྒྱ་ནག་གཞུང་ཚབ་ཁང་སྒོ་བརྒྱབ་པ་དང་། ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་གི་རང་སྐྱོང་ཁྲིམས་འཆར་ (The Hong Kong Autonomy Act) གཏན་འབེབ་བྱས་ཏེ། ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་བའི་ཐོག་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་གི་མགོ་འཁྲིད་དང་། ཚོང་གཉེར་གྱི་དངུལ་ཁང་རྣམས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་པའི་ཁྲིམས་གཏན་འབེབ་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་ཀྱང་རྒོལ་ལན་བསླགས་ཏེ་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་ཡོད་པ་རེད།

རྒྱ་ནག་ནི་ནེའུ་ཛི་ལན་ཌིའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འདས་པའི་ལོ་འཁོར་གཅིག་གི་རིང་ཕྱོགས་གཉིས་བར་ཨ་སྒོར་ཐེར་འབུམ་ ༢༡ ལྷག་གི་ཚོང་འབྲེལ་བྱུང་ཡོད་པ་དང་། ཉེ་ལམ་ནེའུ་ཛི་ལན་ཌི་གཞུང་གིས་ཐའེ་ཝན་དེ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནང་འཛུལ་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༢༨

Leave a Reply