རྒྱ་ནག་གིས་མུ་མཐུད་དམག་རྒྱག་པར་གྲ་སྒྲིག་བྱེད་ཀྱི་འདུག

རྒྱ་དཀར་ནག་གི་དམག་དཔུང་བར་ས་མཚམས་ཀྱི་རྩོད་རྙོག་འདུམ་འགྲིག་བྱུང་སྟེ་ཟླ་ཕྱེད་ལྷག་འགོར་དུས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ཧིན་ས་མཚམས་སུ་དམག་མི་དང་མཚོན་ཆ་འབོར་ཆེན་འགྲེམས་འཇོག་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་།རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་དཀར་ནག་གཉིས་བར་ལ་དྭགས་ཕྱོགས་ཀྱི་ས་མཚམས་རྩོད་རྙོག་ཞི་འགྲིག་བྱུང་བའི་གནས་ཚུལ་བསྒྲགས་ཏེ། ཉིན་གྲངས་ ༡༨ ལས་མ་འགོར་བའི་སྐབས་འདིར། ཁ་སང་རྒྱ་གར་དང་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་གིས་འཁོར་སྐར་བརྒྱུད་ལྟ་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མངའ་རིས་སྒར་རྫོང་དུ་དམག་མི་དང་དམག་ཆས་སྔར་ལྷག་འགྲེམས་འཇོག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་དཀར་ནག་བར་རྩོད་རྙོག་ཏུ་གྱུར་བའི་ཨག་སཱ་ཆིན་ (Aksai Chin) ས་ཁུལ་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱེད་ཀྱི་ཡོད་པར་བརྟེན།  རྒྱ་གར་གཞུང་གིས་རྒྱ་ནག་ཕྱོགས་ནས་སླར་ཡང་རྒྱ་གར་ལ་ས་མཚམས་རྩོད་རྙོག་སློང་སྲིད་པའི་སེམས་འཚབ་དང་གྲ་སྒྲིག་བྱེད་བཞིན་ཡོད་འདུག

འཁོར་སྐར་བརྒྱུད་ཤེས་རྟོགས་བྱུང་བའི་གནས་ཚུལ་ནང་།  ད་ལྟ་མངའ་རིས་སྒར་རྫོང་དུ་གནམ་ཐང་གསར་རྒྱག་ལེགས་གྲུབ་དང་དམག་སྒར་གསར་རྒྱག་བྱེད་བཞིན་ཡོད་པ་གསལ་པོ་མཐོང་ཡོད་སྟབས། དེ་ནི་ལ་དྭགས་གྷལ་ཝན་ཁུལ་གྱི་ས་མཚམས་རྩོད་རྙོག་མུ་མཐུད་མཇུག་སྐྱེལ་རྒྱུ་ཡིན་པའི་དོགས་གཞི་ཞིག་ཏུ་གྱུར་ཡོད་པ་དང་།  རྒྱ་གར་ (ThePrint) གསར་ཁང་གི་གནས་ཚུལ་ནང་། རྒྱ་ནག་བཅིངས་གྲོལ་དམག་གིས་རྐང་བཙུགས་ཏེ་ས་མཚམས་ནས་དམག་མི་ཕྱིར་འཐེན་གྱི་བརྒྱུད་རིམ་མནར་འགྱངས་བྱས་ཏེ་དགུན་ཁའི་བར་འཇོག་ཐབས་བྱེད་བཞིན་ཡོད་པ་དང་། དགུན་ཁར་ཕལ་ཆེར་རྒྱ་གར་གྱི་བྱང་ཤར་ཕྱོགས་ནས་ས་མཚམས་རྩོད་རྙོག་སློང་སྲིད་སྐོར་བརྗོད་འདུག

གཞན་ཡང་། ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་བདེ་སྲུང་ཉམས་ཞིབ་དང་འཛུགས་སྐྲུན་ཚོགས་པས (DRDO) རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་འབྲེལ། གསང་མྱུལ་འཁོར་སྐར་བརྒྱུད་ས་མཚམས་ཁག་ཏུ་ཡོད་པའི་རྒྱ་ནག་གི་དམག་དོན་གྱི་གནས་བབ་སྤྱིའི་ཐོག་ཞིབ་འཇུག་བྱས་ཡོད་པ་དང་། ཚོགས་པ་དེའི་ཞིབ་འཇུག་ནང་འདི་ལོའི་དགུན་ཁར་ཀ་ཤི་མིར་དང་འབྲེལ་པ་ཀི་སི་ཐན་དང་ལ་དྭགས་དང་འབྲེལ་རྒྱ་ནག་གཉིས་ནས་རྒྱ་གར་ལ་ས་མཚམས་རྩོད་རྙོག་སློང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་འདུགརྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་ཟླ་འདིའི་ཕྱི་ཚེས་  ༦ ཉིན་ཞི་འགྲིག་གིས་ས་མཚམས་འགོག་སྲུང་ས་ཚིགས་གསུམ་ནས་དམག་མི་དང་མཚོན་ཆ་སོགས་སྤྱི་ལེ་ ༡ ལྷག་གི་སར་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་དང་། ཕྱོགས་གཉིས་བར་གྲོས་མཐུན་ཡོང་དོན་ནི་རྒྱ་དཀར་ནག་གི་དམག་མིས་ཟླ་ ༢ ཙམ་རིང་གདོང་ཐུག་བརྒྱབས་ཏེ། རྒྱ་གར་གྱི་དམག་མི་ ༢༠ བསད་པ་དང་རྒྱ་ནག་གི་དམག་མི་མང་པོར་ཤི་རྨས་ཐེབས་ཡོད་པའི་གནས་ཚུལ་ཐོན་པ་སོགས་ཕྱོགས་གཉིས་ཀྱི་རྩོད་རྙོག་ཛ་དྲག་ཆགས་ཡོད་པ་དང་།  ད་ལྟ་ད་དུང་ཡང་རྒྱ་ནག་གཞུང་གིས་གྷན་ཝལ་ཡུལ་ལུང་དེ་རྒྱའི་ས་ཆ་ཡིན་པའི་རྩོད་རྙོག་མུ་མཐུད་སློང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༢༨

Leave a Reply

One thought on “རྒྱ་ནག་གིས་མུ་མཐུད་དམག་རྒྱག་པར་གྲ་སྒྲིག་བྱེད་ཀྱི་འདུག

  1. བསོད་ནམས་རྒྱལ་མཚན།

    གཏམ་བཟང་། གཏམ་བཟང་། རྒྱ་གར་ཁུ་སིམ་མེར་འཇོག་ཐབས་མེད། རྒྱ་གར་ཁུ་སིམ་མེར་སྡོད་ཐབས་མེད། ཅོ་ ཞི་ཅིན་ ཕིན་ ཤུག་རྒྱག་ཤོག་ཨ།