འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བདམས་ཐོན་བྱུང་།

ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༥ ནང་བཙན་བྱོལ་བོད་མིའི་སྲིད་སྤྱི་འོས་བསྡུ་ཆེན་མོ་མཇུག་བསྡུ་དགོས་ཀྱི་ཡོད་པ་ལྟར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་བདམས་ཐོན་བྱུང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༠ ལོའི་སྲིད་སྤྱིའི་འོས་བསྡུའི་ཆེད། བཞུགས་སྒར་ཉེ་འཁྲིས་སྒྲོལ་མ་གླིང་བཙུན་དགོན་གྱི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་དབུས་འོས་བསྡུའི་ལྷན་ཁང་གི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཀྱི་ཐོག་ནས་བདམས་ཐོན་བྱུང་ཡོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༩༧ ནང་གསེས་ ༢ པའི་ཀ་ནང་། སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས། དང་། དོན་ཚན་ཁ་པའི་ནང་། གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས། ཞེས་པའི་དགོངས་དོན་ལྟར། འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུའི་འགན་འཛིན་ལས་འཕར་འོས་དམིགས་སུ་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་བདེ་ལེགས་དབང་མོ་ལགས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་བསྟན་འཛིན་དོན་ཡོད་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྨན་རྩིས་ཁང་གི་དཔེ་ཐོག་ཞིབ་འཇུག་སྡེ་ཚན་དང་། རྒྱ་ཡིག་སྡེ་ཚན། པར་སྐྲུན་སྡེ་ཚན་བཅས་ཀྱི་འགན་འཛིན་སྨན་རམས་པ་ཆོས་ལོ་ཐར་ལགས་བཅས་འཆར་འབུལ་ཞུས་ཡོད་འདུག

ཡང་བཅའ་ཁྲིམས་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ག་པའི་ནང་། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ། ཁས་ལེན་བྱེད་དགོས། ཞེས་བཀོད་ཡོད་པ་ལྟར། ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཏེ། འོས་བསྡུའི་འགན་འཛིན་ལས་འཕར་ཀྱི་ལས་འཁུར་ནང་དངོས་སུ་ཞུགས་རྒྱུ་ཡིན་འདུག ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རེས་གཟའ་ལྷག་པ་ནམ་ཡིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་སྟབས། འདི་གའི་གསར་ཁང་ནས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱས་ཐུབ་མ་སོང་།སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་ནི། ཕྱི་ལོ་ ༡༩༨༡ ཟླ་ ༦ ཚེས་ ༧ ཉིན་མདོ་ཁམས་ལི་ཐང་དུ་སྐྱེས་ཤིང་། ཆུང་དུས་ནས་རང་ཡུལ་དུ་ཆོས་སྒོར་ཞུགས་ཀྱང་སློབ་སྦྱོང་བྱེད་པའི་གོ་སྐབས་མ་ཐོབ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བསྒྲུབས། ཕྱི་ལོ་ ༡༩༨༨ ལོར་དགེ་བའི་བཤེས་གཉེན་ཆེན་མོ་བླ་མ་ཡོན་ཏན་ཕུན་ཚོགས་རིན་པོ་ཆེས་དབུ་ཁྲིད་པའི་ཐོག་གྲྭ་པ་དང་། བཙུན་མ། མི་སྐྱ་ཁྱོན་མི་གྲངས་བརྒྱ་ལྷག་ལི་ཐང་ནས་ལྷ་སའི་བར་ཕྱག་འཚལ་ཏེ་ལོ་གཅིག་དང་ཕྱེད་ལྷག་འགོར། ལྷ་ས་ཀུ་རུ་ཟམ་ཁར་འབྱོར་དུས་རྒྱ་གཞུང་གི་བཀག་སྟེ་ཁྱེད་ཚོ་ལྷ་སའི་ཇོ་བོ་དང་གདན་ས་ཁག་ལ་མཇལ་མི་ཆོག་ཟེར་ནས་ཉིན་གང་བཀག་པ་དང་། འདྲི་རྩད་མང་པོ་བྱས། ང་ཚོས་ཇོ་བོ་མཇལ་ཆོག་གི་མེད་ན་གངས་རིན་པོ་ཆེ་མཇལ་དུ་འགྲོ་ཡི་ཡིན་ཞེས་པར་དགོང་མོ་ས་རུབ་རྗེས་བཏང་འདུག དེ་ནས་གངས་རིན་པོ་ཆེར་གནས་མཇལ་ཞུས་ཏེ་བལ་ཡུལ་བརྒྱུད་ཕྱི་ལོ་ ༡༩༩༠ ལོར་ཝ་རཱ་ཎ་སིར་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་ལ་ཞལ་མཇལ་གྱི་བསྐལ་བཟང་གི་གོ་སྐབས་ཐོབ་སྟེ་བཞུགས་སྒར་རྡ་སར་བདེ་འབྱོར་བྱུང་ཞིང་། ཕྱི་ལོ་ ༡༩༩༣ ལོར་སྒྲོལ་མ་གླིང་གི་སློབ་ཚན་དངོས་གཞི་དབུ་བཙུགས་ཏེ་གཙོ་བོ་མཚན་ཉིད་དང་། ཞོར་དུ་བོད་ཡིག་དང་། དབྱིན་ཡིག་ལ་སློབ་སྦྱོང་གནང་། སྒྲོལ་མ་གླིང་ནས་གཞུང་ཆེན་བཀའ་པོད་ལྔ་ཆ་ཚང་ཐོན་པ་མ་ཟད། དགེ་བཤེས་མ་ལེགས་ཐོན་བྱུང་ཡོད་འདུག

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་ནི། ཕྱི་ལོ་ ༡༩༧༣ ཟླ་ ༢ ཚེས་ ༢༣ ཉིན་ཨ་མདོ་ཁྲི་དག་ཏུ་སྐྱེས་ཤིང་། ལོ་བདུན་ནས་བཟུང་རྒྱ་གཞུང་གིས་བཙུགས་པའི་གཞི་རིམ་སློབ་གྲྭར་ཞུགས། དེ་ནས་མདོ་སྨད་བྱང་བརྒྱུད་ཀྱི་ཆོས་གྲྭ་ཆེན་མོ་དྷི་ཚ་རི་ཁྲོད་བཀྲ་ཤིས་ཆོས་ལྡིངས་ཀྱི་ཆོས་སྒོར་ཞུགས་ནས་གཞུང་ཆེན་སྤྱི་དང་། ཐུན་མོང་རིག་གནས་ཀྱི་སློབ་གཉེར་གནང་ཡོད། ཕྱི་ལོ་ ༡༩༩༣ ལོར་བལ་ཡུལ་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཏེ། གསོག་སྒར་སློབ་གྲྭར་ལོ་ངོ་གཅིག་རིང་དབྱིན་ཡིག་ཕྲན་ཙམ་སློབ་གཉེར་དང་། ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༢༦ ཉིན་ས་རཱ་མཐོ་སློབ་ཏུ་ཤེས་རིག་ལྷན་ཁང་གིས་གཉེར་བའི་དམའ་རིམ་དགེ་འོས་སྦྱོང་བརྡར་སྐབས་བཞི་པར་འཛུལ་ཞུགས་ཀྱིས། ལོ་ངོ་གཉིས་རིང་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༦ ཉིན་ནས་ས་རཱ་མཐོ་སློབ་ཏུ་བོད་ཀྱི་ལོ་རྒྱུས་སློབ་དཔོན་གཞོན་པ་དང་། ཕྱི་ལོ་ ༡༩༩༨ ཟླ་ ༨ པ་ནས་སློབ་དཔོན་རྒན་པ། ཕྱི་ལོ་ ༢༠༡༤ ཟླ ༨ ཚེས་ ༡༣ ནས་གཙུག་ལག་སློབ་དཔོན་བཅས་ཀྱི་མཚན་གནས་ཐོག་ས་རཱ་མཐོ་སློབ་ཏུ་སློབ་འཁྲིད་གནང་མུས་དང་། གཞན་ཡང་རྡ་ས་ས་གནས་གྲོས་ཚོགས་སྐབས་བཞི་པའི་ས་འཐུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀྱི་ལས་འགན་བླངས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༢༩

Leave a Reply

One thought on “འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བདམས་ཐོན་བྱུང་།

  1. བསོད་ནམས་རྒྱལ་མཚན།

    བོད་མི་མང་ 2021 འོས་བསྡུ་སླེབ་རན་པས་དུས་དེར་ ཚང་མའི་རིག་པ་གྲིམ་ནས་ རྒྱ་གར་དང་། རྒྱ་དམར། ཨ་རི་སོགས་ཀྱི་ ཁོང་ཚོའི་རྒྱུག་ཁྱི་དང་། ཡིད་ཆེ་བྱེད་ཡུལ་མི་མིན་པར་ བོད་་་ མི་མང་རང་གིས་ཡིད་ཆེ་བློ་བསྐལ་བྱེད་སའི་མིའི་མཚན་ཉིད་ཚང་པ་གང་ཟག་ཞིག སྲིད་སྐྱོང་ལ་སླེབ་ཐུབ་པ་ཤུག་རྒྱ་དགོས། ད་ལྟ་སྲིད་སྐྱོང་ནི་ཚང་མས་མཐོང་གསལ་དང་ དཔེ་་མཚོན་ཞིག་ཆགས་པ་རེད། རང་སྟོད་ཆེན་པོ། མགོ་བདེ་གཡོ་སྒྱུ་ཅན། ཨ་རི་མི་སེར་ཡིན་དོག་གི་བཙན་བྱོལ་བཅའ་ཁྲིམས་ལ་མཐོང་ཆུང་། ༧གོང་ས་མཆོག་བོད་ལ་གདན་ཞུ་ད་ཕར་ཞོག བོད་རྒྱ་གྲོས་མོལ་ཡང་བྱས་མེད། མི་དགོས་པའི་རྒྱ་དམར་དཔོན་རིགས་ཚོའི་ལད་ཟློས་ སོ་སོ་མི་དགའ་ས་ལ་ ཁ་གཏད་དང་ རྐུབ་བཀྱག་ཕབ་རེ་རྩེད་པ་རེད། ད་དུང་ 5+50 བོད་དོན་ནར་འགྱངས་གིས་དམིགས་ཡུལ་བཤམས། ཁོང་གིས་གྲོགས་པོ་ དབུ་དཀར་ཚང་ཚོའི་ Empowering The Vision ན་གཞོན་ནུས་སྤེལ་ལས་གཞི་ ཟེར་བ་ བོད་པའི་ན་གཞོན་ཚོ་ Brain Wash ལས་འགུལ་སྤེལ།