གསར་འགོད་མཐུན་ཚོཊ་ཀྱི་རྒྱུན་ལས་འཕོ་འགྱུར་བྱུང་།

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་སྐབས་དགུ་པའི་རྒྱུན་ལས་བཞི་གསར་དུ་བདམས་ཐོན་བྱུང་སྟེ་རྒྱུན་ལས་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་གནང་།ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར་གངས་སྐྱིད་རྒྱལ་སྒོའི་འགྲམ་གྱི་ཆོལ་གསུམ་ཟ་ཁང་དུ་རྒྱུན་ལས་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་གྱི་ཕྱི་དྲོར་དྷ་རམ་ས་ལའི་མེག་གྷན་དྷ་རམ་ཀོ་ཊི(Himtrek Camps and Hostel)རུ་གསར་འགོད་པ་རྣམས་ལྷན་འཛོགས་ཐོག ཚོགས་ཆེན་སྟེང་རྒྱུན་ལས་སྐབས་ ༨ པའི་ལས་བསྡོམས་སྒྲོག་སྦྱངས་དང་། དེ་བཞིན་མཐུན་ཚོགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས་དང་། གསར་འགོད་ལས་རིགས་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་གྲོས་བསྡུར་གནང་བ་དང་། སྐབས་ ༩ པའི་རྒྱུན་ལས་གསར་འདེམས་གནང་ཡོད་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་བཞི་ནས་ནང་ཁུལ་གོ་བསྡུར་གནང་བ་བརྒྱུད་ལས་ཡུན་ལོ་གསུམ་རིང་གི་སྤྱིའི་ལས་དོན་ཚགས་ཚུད་ཡོང་ཆེད་ལས་གནས་བརྗེ་རེས་ཀྱིས་འགན་འཁུར་གནང་རྒྱུ་ཡིན་འདུག་ལ། སྐབས་ཐོག་དང་པོའི་ཚོགས་གཙོ་ནོར་ཝེ་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་རྡོ་རྗེ་ལགས་དང་། ཚོགས་གཞོན་ཕ་ཡུལ་གསར་ཁང་གི་གསར་འགོད་པ་ཆོས་སྐྱིད་ལྷ་མོ་ལགས། རྩིས་པ་བང་ཆེན་གསར་ཁང་གི་གསར་འགོད་པ་བློ་བཟང་བསྟན་ཆོས་ལགས། དངུལ་གཉེར་དུས་བབ་གསར་ཁང་གི་གསར་འགོད་པ་པ་སངས་ཚེ་རིང་ལགས་བཅས་བསྐོ་བཞག་གནང་ཡོད་པ་རེད།བོད་ཀྱི་གསར་འགོད་མཐུན་ཚོགས་ནི་ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་དྷ་རམ་ས་ལར་ཆེད་འཛུགས་གནང་ཡོད་པ་དང་། ཚོགས་པ་འདི་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་མཐུན་ཚོགས་ཀྱི་ཁོངས་གཏོགས་བཙན་བྱོལ་ནང་གི་གསར་ཁང་ཁག་ ༨ ནས་ཁྱོན་བོད་པའི་གསར་འགོད་པ་ ༣༠  ཚོགས་ཁོངས་སུ་ཞུགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༢༩

Leave a Reply