བྱམས་བརྩེ་ནི་ད་ལྟའི་འཇིག་རྟེན་གྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཡིན།

༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་ནི་ཕྱི་དངོས་པོའི་མཚོན་ཆའམ་དགྲས་གཏོར་བརླག་གཏོང་གི་མེད་པ་དང་། སེམས་ཀྱི་ཞི་བདེ་གཏོར་མཁན་ནི་སོ་སོའི་སེམས་ཀྱི་ཚོར་བ་དྲག་པོ་དག་ཡིན་ཞེས་གསུངས།དེ་རིང་སྔ་དྲོ་ཆུ་ཚོད་ ༩ སྟེང་བཞུགས་སྒར་རྒྱལ་བའི་གཟིམ་ཆུང་ནས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐད་གཏོང་བརྒྱུད་བྱམས་བརྩེ་ནི་ད་ལྟའི་འཇིག་རྟེན་གྱི་རུ་འཛིངས་པའི་དཀའ་རྙོག་དེ་སེལ་བའི་ཐབས་ལམ་ཡིན་ཞེས་པའི་བརྗོད་གཞིའི་ཐོག  རྒྱ་གར་ནང་གི་སློབ་གཉེར་བསྟི་གནས་ཁང་ཁ་ཤས་ཤིག་གི་སློབ་ཕྲུག་རྣམས་ལ་བཀའ་སློབ་དང་དེའི་རྗེས་དྲི་བར་བཀའ་ལན་གནང་ཡོད་པ་དང་། ཐོག་མར་སློབ་ཕྲུག་ཞིག་གིས་དྲ་ལམ་བརྒྱུད་༧གོང་ས་མཆོག་ལ་མཇལ་འཕྲད་ཀྱི་གོ་སྐབས་གནང་བར་ཚོགས་མི་ཚང་མའི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་ཤོར་བ་དང་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ༧གོང་ས་མཆོག་ནས་མིའི་སེམས་ཀྱི་དཀའ་ངལ་སེལ་ཐབས་དང་བྱམས་བརྕེ་དང་རེ་བའི་སྐོར་ལ་བཀའ་སློབ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་གིས། དུས་རབས་བརྒྱད་པའི་མཁས་དབང་རྒྱས་སྲས་ཆེན་མོ་ཞི་བ་ལྷས་སྤྱོད་འཇུག་ནང་། ང་ཚོར་དཀའ་ངལ་འཕྲད་ཡོང་དུས་བསམ་བློ་གཏོང་དགོས་པ་དང་། གལ་སྲིད་དཀའ་ངལ་དེ་སེལ་ཐུབ་ཀྱི་ཡོད་ཚེ་སེམས་ཁྲལ་མི་བྱེད་པར་འབད་བརྩོན་བྱེད་དགོས་ཀྱི་ཡོད། གལ་སྲིད་དཀའ་ངལ་དེ་སེལ་ཐབས་མེད་ཚེ་སེམས་ཁྲལ་བྱས་ནའང་ཕན་ཐོགས་མེད་སྟབས། ལྡོག་ཐབས་མེད་པ་ཞིག་ཆགས་ཡོད། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན།། ཞེས་གསུངས་པ་དེ་ཞེ་དྲག་གི་ཁ་ཡོད་ལག་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཡོད། ང་ཚོར་འཛམ་གླིང་ཕྱོགས་གང་སར་དཀའ་ངལ་འཕྲད་ཡོང་དུས། ང་རང་ཚོའི་མཐོང་རྒྱ་ཞན་པོ་དང་བསམ་བློའི་གུ་གསུབ་དོགས་དྲག་རྐྱེན་དཀའ་ངལ་དེ་དག་བཟོད་བརླག་མེད་པ་ཞིག་ཏུ་མཐོང་གི་ཡོད། གལ་སྲིད་ང་ཚོས་དཀའ་ངལ་དེ་དག་ལ་རྒྱ་ཆེ་ས་ནས་བསམ་བློ་བཏང་ཚེ་སྐྱོ་བོ་ཞིག་ཡིན་ནའང་དཀའ་ངལ་ཆེན་པོ་ཞིག་མ་རེད། འདས་པའི་རྒྱ་གར་གྱི་གནའ་རབས་ཀྱི་མཁས་དབང་ཆེན་པོ་རྣམ་གྱི་དགོངས་པ་ལྟར་ན། ཁོང་ཚོས་འཇིག་རྟེན་གྱི་ཁམས་ཟེར་བ་དེ་ང་རང་ཚོའི་འཇིག་རྟེན་གྱི་ཁམས་འདི་གཅིག་པུ་མ་ཡིན་པར་ཁམས་མང་པོ་ཞིག་ཡོད་པ་གསུངས་ཡོད། འཇིག་རྟེན་གྱི་ཁམས་གཅིག་འགག་འགྲོ་དུས་ཁམས་གཞན་ཞིག་གསར་པ་ཡར་སྐྱེས་བསྡད་པ་ཞིག་ཡིན། གང་ལྟར་མགོ་ཞིག་བརྩམས་རྗེས་མཐའ་མར་མཇུག་སྒྲིལ་དགོས་པ་ཆོས་ཉིད་ཡིན། ཞེས་དང་། ཚན་རིག་པ་ཁག་ཅིག་ལྟར་ན། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་འགའི་རྗེས་ནས་འཛམ་གླིང་གི་ཚ་དྲོད་དེ་ཚད་མཐོ་པོ་ཞེ་དྲགས་བསླེབས་ཏེ། མཐར་རྒྱུགས་ཆུ་ཚང་མ་སྐམ་པོ་ཆགས་རྒྱུ་དང་། རྒྱུགས་ཆུ་སྐམ་པོ་ཆགས་པ་ལ་བརྟེན་ནས་ང་ཚོའི་སྔོ་ཐང་ཐང་གི་འཛམ་གླིང་འདི་བྱེས་ཐང་དུ་འགྱུར་རྒྱུ་ཡིན་སྐོར་བརྗོད་ཡོད་པར་བརྟེན། རྒྱ་ཆེ་ས་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས།

ཡང་ཏོག་དབྱིབས་གཉན་རིམས་སྐོར་ལ་༧མགོན་པོ་གང་ཉིད་མཆོག་གིས། རྒྱ་གར་ནང་ཆ་མཚོན་ན་མི་མང་པོ་ཞིག་ལ་ཏོག་དབྱིབས་ནད་ཕོག་ཡོད་པར་བློ་ཕམ་པོ་བྱུང་། སྔ་རབས་རྒྱ་གར་གྱི་གཞུང་ནང་། ང་ཚོའི་འཇིག་རྟེན་སྟོང་བའི་རྒྱུ་ནི། དམག་འཁྲུག་དང་མུ་གེ དེ་བཞིན། ནད་ཡམས་བཅས་ཀྱི་དབང་གིས་སྟོང་འགྲོ་ཡི་ཡོད་གསུངས་ཡོད་དུས། སྔགས་ཀྱི་ལུང་དེ་ཚོ་རང་བཞིན་གྱི་འགྱུར་ལྡོག་ལྟ་བུར་ཆགས་ཡོང་གི་ཡོད་པ་རེད། དེར་བརྟེན། རྒྱ་ཆེ་ས་ནས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཞེ་དྲགས་ཆགས་ཡོད། སྟབས་ལེགས་པ་ཞིག་ལ་ང་ཚོའི་མི་ཐོག་རིང་འཛམ་གླིང་སྟོང་བའི་ཉེན་ཁ་ཡོད་པ་མ་རེད། འོན་ཀྱང་། དེའི་རིང་ལ་ནད་ཡམས་དེ་འདྲ་ཡོང་གི་ཡོད་ལ་ཏོག་དབྱིབས་ནད་ཡམས་འདྲ་པོ་ཡིན་ན། ད་ལྟ་ཚན་རིག་པ་ཚོས་སྨན་གང་གིས་ཕན་ཐོགས་ཡོད་མེད་ཐད་བརྟག་དཔྱད་ཞེ་དྲགས་གནང་གི་ཡོད།

ལོ་ངོ་སྟོང་ཕྲག་གོང་དུ་ཡོད་པའི་རྒྱ་གར་གནའ་རབས་ཀྱི་ཨཱ་ཡཱ་ཝེ་ཏི (ayurvedic)སྨན་གྱིས་ཏོག་དབྱིབས་ནད་ཡམས་བཅོས་ཐུབ་པའི་རེ་བ་ཡོད། གང་ལྟར་ང་ཚོས་ནད་ཡམས་འདི་ལ་གང་ཐུབ་ཀྱིས་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་། མདོར་ན་ནད་གཞི་འདིའི་འོག་མནར་བཞིན་པའི་མི་ཞིག་ཡིན་ཡང་རེ་ཐག་དང་ཡིད་ཐང་ཆད་ནས་འདུག་རྒྱུ་ཡོད་པ་མ་རེད། ང་རང་ཚོ་འཚོ་ཕྱིར་སྐྱེ་རྒ་ན་འཆི་ཡོད་དུས་དེ་ནི་འཁོར་བའི་རང་བཞིན་ཞིག་ཆགས་ཡོད། སྨན་གྱི་ཐབས་ལམ་ལ་བརྟེན་ནས་གདོང་ལེན་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། ཡང་ང་ཚོའི་བོད་སྨན་དེ་ཨཱ་ཡཱ་ཝེ་ཏིའི་འགྲོ་སྟངས་དང་གཅིག་པ་ཆགས་ཡོད་པ་དང་། རྒྱའི་སྨན་གཞུང་རྙིང་པ་དེ་ཚོའི་ནད་ཡམས་ལ་ཕན་ཐོགས་ཡོང་རྒྱུ་གཅིག་མཚུངས་ཆགས་ཡོད།

དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ། བོད་ནང་བོད་ཀྱི་སྨན་པ་དང་རྒྱ་གར་ཨཱ་ཡཱ་ཝེ་ཏིའི་སྨན་པ་དང་རྒྱ་ནག་གི་སྨན་པ་བཅས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྨན་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། ད་ལྟ་ནད་ཡམས་འདི་སེལ་ཐབས་སུ་བོད་པ་དང་རྒྱ་གར། རྒྱ་ནག་བཅས་ཀྱི་སྨན་པའི་ཚོགས་འདུ་ཞིག་འཚོག་ཐུབ་ན་ཡག་པོ་ཡོད་རེད་དགོངས་ཀྱི་ཡོད། དེང་སང་ང་ཚོར་ཆ་རྐྱེན་འཛོམས་པོ་ཡིན་དུས་མཁས་དབང་གདན་ཞུ་གནང་རྒྱུར་དཀའ་ལས་ཡོད་པ་མ་རེད། རྒྱ་ནག་གི་གནའ་སྲོལ་གྱི་སྨན་པ་དང་བོད་སྨན་མཁས་དབང་། རྒྱ་གར་ཨཱ་ཡཱ་ཝེ་ཏིའི་སྨན་པ། དེ་བཞིན། ཕྱི་ལུགས་ཀྱི་སྨན་པ་སོགས་གདན་འདྲེན་ཞུས་ཏེ། ཚང་མས་མཉམ་འབྲེལ་ཐོག་ནས་ཏོག་དབྱིབས་ནད་ཡམས་འདི་ལ་གདོང་ལེན་བྱེད་ཕྱོགས་དང་ཕན་ཐོགས་ཐབས་ཐོག་གྲོས་མོལ་གྱིས་ཚོགས་འདུ་ཞིག་འཚོག་ཐུབ་ན་ཡག་པོ་ཡོད་པ་རེད། ཅེས་གསུངས།རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ད་ལྟ་ཁ་ཡོད་ལག་ཐོག་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་ལ་༧གོང་ས་མཆོག་གིས།  རྒྱ་གར་ནང་འཚེ་མེད་ཞི་བའི་རིག་གཞུང་ནི་བྱམས་སྙིང་རྗེ་ལ་བརྟེན་ནས་ཡོང་ཡོད་པ་དང་། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་གོང་ནས་རྩེ་གཅིག་པའི་ཞི་གནས་སྒོམ་པའི་ལུགས་སྲོལ་ཞིག་ཡོད་པ་རེད། དེ་དང་འབྲེལ་ནས་ཤེས་རབ་ཀྱིས་དཔྱད་པ་བྱས་ཏེ་ལྷག་མཐོང་གི་ཉམས་ལེན་ཞིག་ཀྱང་ཡོད་པ་རེད། དེའི་ནང་ཧིན་རྡུ་དང་གྲངས་ཅན་པ། ནང་པ་དང་ཇེན་ཆོས་ལུགས་ (Jainism)བཅས་ཀྱི་སྒོམ་སྒྲུབ་ཀྱི་ཉམས་ལེན་ཆགས་ཀྱི་ཡོད། སྒོམ་ལ་བརྟེན་ནས་སེམས་ལ་ཞི་བདེ་བསྐྲུན་རྒྱུ་ནི་གནའ་རབས་ནས་ཡོད་པ་ཞིག་ཡིན་ལ། བྱམས་པའང་སྒོམ་གྱི་ཉམས་ལེན་ཐོག་ནས་ཡོང་གི་ཡོད། དེ་ཡང་བློ་རྩེ་གཅིག་པ་མ་ཡིན་པར་དཔྱད་སྟོབས་ཀྱི་བྱམས་པ་ལ་སོགས་པའི་བློ་གོང་འཕེལ་གཏོང་རྒྱུ་ཡོད་པ་རེད།

དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ང་ཚོའི་སེམས་དང་འབྲེལ་བའི་དཀའ་ངལ་འཕྲད་ཡོང་དུས། རྒྱ་གར་གྱི་གནའ་རབས་དང་འབྲེལ་བའི་རིག་གཞུང་དེ་དག་ཁ་ཡོད་ལག་ཡོད་ཐོག་བེད་སྤྱོད་བྱ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ངོས་ནས་ནམ་རྒྱུན་འཕྲོད་བསྟེན་བཤད་ཡོང་དུས། ལུས་དང་སེམས་ཀྱི་འཕྲོད་བསྟེན་ཞེས་གཉིས་བཤད་ཀྱི་ཡོད། སེམས་ཀྱི་འཕྲོད་བསྟེན་ལ་སྨན་བསྟེན་པར་རྒྱ་གར་ལ་རང་ཆས་སུ་རིག་གཞུང་ཡོད་པ་རེད། སེམས་ཀྱི་འཕྲོད་བསྟེན་བྱེད་པར་སེམས་ཁམས་རིག་པའི་གནས་ལུགས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སེམས་ཀྱི་ངོ་བོ་དང་སེམས་བྱུང་གི་ངོ་བོ་དང་བྱེད་ལས་སོགས་ཤེས་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས།

དྲི་བ་དྲིས་ལན་སྐབས་དེང་སང་མི་མང་པོ་ཞིག་གི་སེམས་ནང་འཇིགས་སྐྲག་དང་སྡུག་བསྔལ་གྱིས་ཁེངས་ཡོད་པར་བརྟེན། ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་གང་ཡིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ནང་སེམས་ཀྱི་ཞི་བདེ་ནི་ཕྱི་དངོས་པོའི་མཚོན་ཆའམ་དགྲས་གཏོར་བརླག་གཏོང་གི་མེད་པ་དང་། སེམས་ཀྱི་ཞི་བདེ་གཏོར་མཁན་ནི་སོ་སོའི་སེམས་ཀྱི་ཚོར་བ་དྲག་པོ་དག་ཡིན། དཔེར་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ནང་། བཟོད་པའི་ཉམས་ལེན་པ་ཞིག་ལ་མཚོན་ན་ང་ཚོའི་ཕྱིའི་དགྲ་ནི་དགེ་བའི་བཤེས་གཉེན་མཆོག་ཏུ་གྱུར་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་གསུངས་ཡོད། དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། ཞེས་པ་དེ་ཡིན། ཞེས་བཀའ་སློབ་ལམ་སྟོན་བསྩལ་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༢༩

Leave a Reply