བོད་རིགས་ལ་ཁྲིམས་ཞིབ་རང་དབང་རྩ་བ་ནས་མེད་པའི་སྙན་ཐོ་བཏོན།

རྒྱ་རིགས་ཁྲིམས་རྩོད་པ་ཚོས་བོད་རིགས་ཤིག་ཡིན་ཕྱིན་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པོ་ཡིན་པས་དབུས་ཁྲིམས་དོན་ལས་ཁུངས་ཀྱི་བཀའ་ཁྱབ་གང་བཏང་བར་ཉན་རྒྱུ་མ་གཏོགས་རང་དབང་གི་ཁྲིམས་རྩོད་པ་དང་ཁྲིམས་ཁང་ནས་ཞིབ་འཇུག་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད་སྐོར་བརྗོད། ཁ་སང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་དུ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ལོངས་སུ་སྤྱོད་དབང་ལ་འགོག་རྐྱེན་བཟོས་པ་ཞེས་པའི་དམིགས་བསལ་སྙན་ཐོ་ཞིག་བཏོན་པའི་ནང་། བོད་མི་བཙོན་པ་ཞིག་ཡིན་ཕྱིན་རྒྱ་ནག་དབུས་ཁྲིམས་དོན་ལས་ཁུངས་ཀྱིས་བཀའ་ཁྱབ་ཅི་གཏོང་གི་ཐག་གཅོད་ལས། རང་དབང་གི་ཁྲིམས་རྩོད་པས་གནད་དོན་ལ་ཞིབ་འཇུག་སོགས་ཆོག་གི་མེད་པ་བཀོད་འདུག

དམིགས་བསལ་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་ཁྲིམས་སྐྱོང་གི་མིང་ཙམ་བཏོན་རུང་། ཁྲིམས་ཀྱི་དབང་ཆ་ཆེ་ཤོས་དམར་ཤོག་སྲིད་གཞུང་གིས་བཙན་བཟུང་བྱས་པ་དང་། ཡོད་ཚད་ཀྱི་བླ་ན་མཐོ་ཤོས་དེ་ཡང་དམར་ཤོག་སྲིད་གཞུང་རང་ཡིན་པ་རེད། དེར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཁ་གཡར་ནས། དམར་ཤོག་སྲིད་གཞུང་གིས་ཁྲིམས་དཔོན་གྱི་ལས་དོན་ལ་བར་ཆད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པས་སོ་སོའི་ཞུ་སྦྱོར་བ་ཕྱི་མའི་ཐོབ་ཐང་སྲུང་སྐྱོང་གནང་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད། ཅེས་བཀོད་འདུག

བོད་ནང་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་མི་ཚོར་ཁྲིམས་ཞིབ་ཀྱི་ཐོབ་ཐང་མེད་སྐོར་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས།  མི་ཞིག་གིས་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་ཡོད་ནའང་། ཉེས་པ་དེ་བཟོས་ཡོད་མེད་ཀྱི་བདེན་དཔང་དང་ར་སྤྲོད་ནི་ཁྲིམས་ཐོག་ནས་དྲང་བདེན་ངང་ཕྱི་གསལ་ནང་གསལ་གྱིས་ཉེས་དོན་དེ་དང་འབྲེལ་བའི་མི་སྣ་དང་དཔང་མི། དེ་འབྲེལ་གྱི་ཡིག་ཆ་སོགས་ཚང་མ་གསལ་འདོན་བྱས་ཏེ་ཉེས་པ་ར་སྤྲོད་བྱས་ཚེ། ཉེས་པ་དེ་གཞིར་བཞག་ཐོག་ཁྲིམས་ཐག་གཅོད་དགོས་པ་རེད། དེ་བཞིན་གཅར་རྡུང་བྱེད་པ་དང་བཙན་དབང་གིས་ཉེས་བ་ཁས་ལེན་དུ་འཇུག་མི་ཆོག་ནའང་། ཉེ་ལམ་རྒྱ་ནག་གི་ཁྲིམས་རྩོད་ཀྱི་འོག་དཀའ་ངལ་འཕྲད་བཞིན་པའི་ཨ་ཉ་སེང་སྒྲ་དང་བཀྲ་ཤིས་དབང་ཕྱུག་སོགས་བོད་མི་ ༡༨ ཙམ་ལ། ཁྲིམས་ཞིབ་ཀྱི་རིམ་པ་མ་བརྒྱུད་པ་དང་ཁོང་ཚོའི་ཁྲིམས་རྩོད་པ་ངོས་ལེན་མ་བྱས་པར་བཙོན་འཇུག་བྱས་པ་དང་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་སོང་།

དམིགས་བསལ་སྙན་ཐོ་དེའི་ནང་དུ་བོད་མི་འཛིན་བཟུང་དང་བཙོན་འཇུག གཞན་རང་དབང་ཐད་ཀྱི་དམ་དྲག་ཁག བཙན་དབང་གིས་བསྙོན་འཛུགས་ཁས་ལེན་དུ་འཇུག་ཐབས། ངོ་ཚབ་ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་དང་རང་རྐྱ་འཕེར་བའི་ཁྲིམས་ཞིབ་མེད་པ། དེ་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་གཞིར་བྱས་རྒྱ་གཞུང་གི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ལ་བཅོས་སྒྱུར་གཏོང་དགོས་པའི་སྐུལ་འདེབས་ཁག་དང་། ཡང་རྒྱ་རིགས་ཁྲིམས་རྩོད་པ་ཚོར་འཕྲད་པའི་དཀའ་ཁག་གི་ཐད་ནས་ཁྲིམས་རྩོད་པ་ལིན་ཆི་ལེ་ (Lin Qilei) (ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ།) དང་ཐིང་པོ་ (Teng Biao) ། ལུའུ་ཧྲི་ཧྭ་ (Liu Shihui) ། བུད་མེད་ཁྲིམས་རྩོད་པ་གྲགས་ཅན་ཝང་ཡུའུ་ (Wang Yu) བཅས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་སོགས་དོན་ཚན་ ༧ འཁོད་པའི་ཤོག་གྲངས་ ༣༤ ཅན་གྱི་དབྱིན་ཡིག་གི་སྙན་ཐོ་ཞིག་ཡིན་འདུག

ཡང་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ཀྱི་བཅར་འདྲིའི་ནང་གཙོ་བོ་ཅི་ཞིག་བཤད་ཡོད་མེད་སྐོར་ལ་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོ་ཙམ་ནས་བོད་མི་མང་པོ་ཞིག་ལ་ཉེས་འཛུགས་བྱེད་སྐབས། དེའི་ཐད་ཁྲིམས་རྩོད་བྱས་ཏེ་རོགས་སྐྱོར་བྱེད་མཁན་གྱི་རྒྱ་ནང་གི་ཁྲིམས་རྩོད་པ་གཙོ་བོ་བཞི་ལ་བཅར་འདྲི་བྱས་པའི་ནང་། སྤྱིར་བཏང་རྒྱ་ནག་གི་ཁྲིམས་ཟེར་བ་དེར་དྲང་བདེན་གྱི་ཁྲིམས་ཞིབ་ཀྱི་ཐོབ་ཐང་མེད་པ་ནི་ཁོང་ཚོའི་དཀའ་ངལ་གཙོ་བོ་གཅིག་ཡིན་པ་དང་། ལྷག་པར་དུ་ཁྲིམས་རྩོད་པ་དང་ཁྲིམས་དཔོན་ལ་རང་དབང་དང་རང་རྐྱ་འཕེལ་བའི་ངང་གནད་དོན་ལ་རྟག་དཔྱད་དང་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་པའི་དབང་ཆ་དེ་རྩ་བ་ཉིད་ནས་མེད་པ། དེ་བཞིན་བོད་རིགས་ཤིག་ཡིན་ཕྱིན་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པོ་ཡིན་སྟབས། གནད་དོན་དེར་དབུས་ཁྲིམས་དོན་ལས་ཁུངས་ཀྱིས་མར་བཀའ་ཁྱབ་གང་བཏང་བ་དེ་མ་གཏོགས། རང་དབང་གི་ཁྲིམས་རྩོད་པ་དང་རང་དབང་གི་ཁྲིམས་ཁང་གི་སྡེ་ཚན་ངོས་ནས་གནད་དོན་དེར་ཞིབ་འཇུག་བྱེད་པའི་ཐོབ་ཐང་རྩ་བ་ནས་མེད་པ་དེ་ཁོང་ཚོའི་དཀའ་ངལ་གྱི་གཙོ་ཁག་ཡིན་པ་བརྗོད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༧/༢༩

Leave a Reply