ཧོང་ཀོང་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སློབ་དཔོན་ལས་གནས་ནས་ཕུད།

རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཧོང་ཀོང་གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་སློབ་དཔོན་དང་དམངས་གཙོའི་ལས་འགུལ་བ་བྷིན་ནེ་ཐའེ་ལགས་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག

དེ་རིང་ཧོང་ཀོང་རང་དབང་ཚགས་པར་གཙོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་བྱུང་བ་བཞིན། ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་མཁན་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་དཔོན་བྷིན་ནེ་ཐའེ་ (Benny Tai) ལགས་ལས་གནས་ནས་ཕུད་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། སློབ་དཔོན་བྷིན་ནེ་ཐའེ་ཡིས་སྤྱི་ཚོགས་དྲ་ལམ་སྟེང་ཁོང་ལས་གནས་ནས་ཕུད་རྒྱུའི་ཐག་གཅོད་དེ་ནི་གཙུག་ལག་སློབ་གཉེར་ཁང་གི་ཐག་གཅོད་མིན་པར། གནད་དོན་དེའི་རྒྱབ་ན་དབང་ཤུགས་ཆེ་བ་ཚོས་བྱུས་ངན་བཤམས་ཡོད་སྐོར་བརྗོད་ནས། གནད་དོན་དེ་ཞུ་གཏུག་བྱེད་བཞིན་ཡོད་འདུག

དེ་འབྲེལ་གནས་ཚུལ་སྐོར་ལ་ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གིས། སློབ་དཔོན་བྷིན་ནེ་ཐའེ་མིང་ནས་མ་བཏོན་པར་འབྲེལ་ཡོད་ལས་བྱེད་དེ་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་དེ་ནི། དྲང་པོ་དང་དོ་ནན་གྱིས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱུང་བ་ཡིན་པ་དང་། གནད་དོན་དེ་ནི་གཙུག་ལག་སློབ་གཉེར་ཁང་སྒེར་གྱི་གནད་དོན་ཡིན་སྟབས། མི་མང་གིས་གཙུག་ལག་སློབ་གཉེར་ཁང་གི་ཐག་གཅོད་དང་རང་དབང་ལ་གུས་བརྩི་བྱེད་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཡང་སློབ་དཔོན་ཆེན་མོ་བྷིན་ནེ་ཐའེ་ཡིས་རང་ཉིད་ལས་གནས་ནས་ཕུད་པའི་སྐོར་ལ་སྤྱི་ཚོགས་དྲ་ལམ་བརྒྱུད། ཁོང་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་དེ་ནི་གཙུག་ལག་སློབ་གཉེར་ཁང་གི་ཐག་གཅོད་མིན་པ་དང་། ཐག་གཅོད་བྱེད་མཁན་ནི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་ལས་དབང་ཤུགས་ཆེ་བ་ཡོད་མཁན་ཞིག་ཡིན་པ་དང་། གནད་དོན་དེས་མ་འོངས་པར་ཧོང་ཀོང་ནང་ཤེས་ཡོན་པའི་སྡེ་ཡི་རང་དབང་ཐོག་དྲག་གནོན་ཐེབས་རྒྱུའི་རྣམ་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། ཧོང་ཀོང་ཤེས་ཡོན་ལྷན་ཁང་གི་ལས་མི་ཚོས་སོ་སོའི་ལས་མི་རྣམས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་པ་མ་ཟད། ཁོང་གིས་ཧོང་ཀོང་ནང་ཤེས་ཡོན་རང་དབང་ཐོག་དྲག་གནོན་ཐེབས་པ་ནི་རང་སོར་འཇོག་ཐབས་མེད་སྐོར་བརྗོད་ནས་ཞུ་གཏུག་བྱེད་བཞིན་ཡོད་འདུག

ཧོང་ཀོང་ནང་གི་རྒྱ་ནག་གི་འབྲེལ་མཐུད་ལས་ཁུངས་ (China’s Liaison Office) ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སློབ་དཔོན་བྷིན་ནེ་ཐའེ་ནི་ཧོང་ཀོང་སྤྱི་ཚོགས་ནང་ཟིང་འཁྲུག་སློང་མཁན་དང་ཁོའི་སྐད་ཆ་དག་ནི་སྤྱི་ཚོགས་བདེ་འཇགས་ལ་གཏོར་བརླག་གཏོང་མཁན་ཡིན་པ་དང་། ཁོ་གནས་དབྱུང་བཏང་བའི་ཐག་གཅོད་ནི་མི་མང་གི་བདེ་འཇགས་ཆེད་ཉེས་ཆད་བཅད་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཐེངས་འདིར་ཁོང་གནས་དབྱུང་བཏང་བ་ནི་རྒྱ་ནག་གཞུང་གིས་བྱུས་ནག་དང་གནོན་ཤུགས་སྤྲད་པ་ཡིན་པ་དང་། གནད་དོན་དེ་ནི་ཧོང་ཀོང་གི་ཤེས་ཡོན་པའི་སྡེ་ཡི་རང་དབང་ལ་དྲག་གནོན་བྱ་རྒྱུ་ཡིན་པ་མངོན་གསལ་མཚོན་པ་ཞིག་ཡིན་སྐོར་རྗོད་བཞིན་འདུག

སློབ་དཔོན་ཆེན་མོ་བྷིན་ནེ་ཐའེ་ནི་ཧོང་ཀོང་གི་རང་དབང་དང་དམངས་གཙོ། མི་མང་གི་བདེ་སྡུག་ཐད་ལས་འགུལ་རིམ་པར་སྤེལ་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༩༡ ལོ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག ཧོང་ཀོང་གཙུག་ལག་སློབ་གྲྭས་སློབ་དཔོན་ཁོང་ལས་གནས་ནས་ཕུད་ཐབས་འདྲ་མིན་བྱས་ཡོད་པ་དང་། སྐབས་དེར་གཙུག་ལག་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་ ༡༨ ཙམ་གྱིས་ཁོང་ལས་གནས་ནས་ཕུད་དགོས་པའི་རྒྱབ་སྐྱོར་བྱས་ཡོད་ཀྱང་། འཛིན་སྐྱོང་ལས་མི་གཉིས་ཀྱིས་དགག་བྱ་བྱས་སྟབས་ཕུད་ཐུབ་མེད་པ་དང་། ཧོང་ཀོང་གཙུག་ལག་སློབ་གྲྭའི་འཛིན་སྐྱོང་གི་ཚོགས་མི་ཚོ་གཙུག་ལག་སློབ་ཁང་དེའི་ཆེས་མཐོའི་འགན་འཛིན་གྱིས་བསྐོ་གཞག་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་གཙུག་ལག་སློབ་གྲྭའི་ཆེས་མཐོའི་འགན་འཛིན་ཧོང་ཀོང་གྲོང་ཁྱེར་གྱི་སྤྱི་ཁྱབ་མ་ལྕམ་ཀེ་རི་ལམ་ (Carrie Lam) ཡིན་པ་དང་། ཁོ་མོའི་གནོན་ཤུགས་འོག་དེ་སྔ་ནས་ཧོང་ཀོང་གཙུག་ལག་སློབ་གྲྭས་ཤེས་ཡོན་པའི་སྡེ་ལ་མངོན་ལྐོག་གཉིས་ནས་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

སློབ་དཔོན་བྷིན་ནེ་ཐའེ་ལགས་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་གཙོ་གྲས་དང་། རྗེས་སུ་ཧོང་ཀོང་དམངས་གཙོའི་ལས་འགུལ་ལ་བརྟེན་ནས་ཉི་གདུགས་གསར་བརྗེ་ལས་འགུལ་བྱུང་བ་མ་ཟད། དེ་དག་གི་ཤུགས་རྐྱེན་གྱིས་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གི་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་གྱི་ཞི་རྒོལ་བྱུང་ཡོད་པ་དང་། ལས་འགུལ་འདི་དག་ཚང་མའི་ནང་སློབ་དཔོན་ཁོང་གིས་ལུས་ངག་གཉིས་ཀྱི་ཐོག་ནས་འཛུལ་ཞུགས་དང་རྒྱབ་སྐྱོར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཧོང་ཀོང་གྲོང་ཁྱེར་ཉེན་རྟོག་པས་སློབ་དཔོན་ཁོང་གིས་ངོ་རྒོལ་ཁྲོམ་སྐོར་ཇུས་འགོད་དང་སྐུལ་སློང་འོག་མི་མང་འདུ་འཛོམས་བྱུང་ཡོད་སྐོར་བརྗོད་ནས། ཁོང་དང་དམངས་གཙོའི་ལས་འགུལ་བ་ཁག་ཅིག་ལ་འཛིན་བཟུང་ཁྲིམས་བཤེར་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཧོང་ཀོང་ཁྲིམས་ཁང་གིས་སློབ་དཔོན་ཁོང་གིས་མི་མང་ལ་ངན་སྐུལ་དང་སྤྱི་ཚོགས་ཟིང་འཁྲུག་ལངས་པའི་ཉེས་མིང་འོག་ཟླ་ངོ་ ༡༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ད་ལྟའི་ཆར་ཧོང་ཀོང་ནང་རྒྱ་ནག་གི་རྒྱལ་སྲུང་བདེ་འཇགས་ཁྲིམས་ཡིག་ཟེར་བ་གཏན་འབེབ་བྱས་རྗེས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་མང་པོ་འཛིན་བཟུང་དང་དྲག་གནོན་ཤུགས་ཆེར་བྱུང་གི་ཡོད་པ་དང་། སློབ་དཔོན་ཁོང་འཛིན་བཟུང་བྱས་པའི་ཐད་ཧོང་ཀོང་གི་རང་དབང་ལས་འགུལ་བ་མང་པོས་གཞུང་ལ་སྐྱོན་བརྗོད་ཤུགས་ཆེར་བྱུང་གི་ཡོད་པ་དང་། ཧོང་ཀོང་ཀུ་ཤུ་ཉིན་རེའི་གསར་ཁངའཛུགས་མཁན་ཇི་མི་ལའེ་ (Jimmy Lai) ལགས་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད། སློབ་དཔོན་ཁོང་གནས་དབྱུང་བཏང་བའི་རྒྱབ་ན་རྒྱ་ནག་དམར་ཤོག་ཚོགས་པའི་ངན་བྱུས་ཡོད་པ་དང་། ཞི་ཅིན་ཕིན་ནི་མའོ་ལྟར་ཤེས་ཡོན་པའི་སྡེ་ལ་མི་དགའ་མཁན་ཡིན་པ་དང་། ཧོང་ཀོང་ཤེས་ཡོན་སྡེ་ཚན་ཁག་གིས་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༢༩

Leave a Reply