འདི་ལོ་ཡང་རྒྱ་རིགས་སློབ་མ་མང་པོ་བོད་ནང་བཏང་།

རྒྱ་ནག་གཞུང་གིས་བོད་སྐྱོབ་ཅེས་པར་ཁ་གཡར་ཏེ་རྒྱ་ནག་ནང་ལོགས་ནས་ལས་བྱེད་མང་པོ་བོད་ཁུལ་དུ་གཏོང་གི་ཡོད་པ་དེས་བོད་རིགས་སློབ་མར་ལས་ཀའི་གོ་སྐབས་ཇེ་ཉུང་དང་བོད་ཁུལ་སློབ་གྲྭ་སོ་སོའི་རིག་གནས་སློབ་གསོར་རྒྱ་བསྒྱུར་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་འདུག དེ་རིང་རྒྱ་ནག་གཞུང་འབྲེལ་མི་མང་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ནུབ་རྒྱུད་འཆར་གཞི་དང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ཞིང་འབྲོག་མི་མང་གི་རྨང་གཞིའི་སློབ་གསོ་དང་། ཞིང་འབྲོག་ཚན་རྩལ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་བཅོས་སྐྱོང་། བཅའ་ཁྲིམས་རོགས་སྐྱོར། རིག་གནས་འཛུགས་སྐྱོང་སོགས་ཡར་རྒྱས་གཏོང་རྒྱུ་ཡིན་པར་ཁ་གཡར་ཏེ། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ ༢༢ ནས་རྒྱ་རིགས་སློབ་མ་ ༦༤༢ བོད་ནང་ཆེད་གཏོང་བྱས་ཡོད་འདུག རྒྱ་གཞུང་གིས་བོད་ཁུལ་དུ་རྒྱ་རིགས་ལས་བྱེད་མང་པོ་ཆེད་གཏོང་བྱས་པ་དེས་བོད་ཁུལ་གྱི་རིག་གནས་སློབ་གསོའི་ཁ་ཕྱོགས་དང་ཡུལ་སྲོལ་གོམས་གཤིས་བདག་ཉར་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་འདུག

རྒྱ་གཞུང་གི་དེ་འབྲེལ་གནས་ཚུལ་ནང་བོད་ཀྱི་ནུབ་རྒྱུད་འཆར་གཞིའི་ལས་དོན་ཐད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཡོང་བའི་སློབ་མ་དེ་དག་ལ། བོད་རང་སྐྱོང་ལྗོངས་ལས་འཆར་ཁང་ཟེར་བས་ཉིན་གྲངས་ ༤ རིང་ཟབ་སྦྱོང་སྤྲད་རྗེས། བོད་ཀྱི་རྒྱལ་ས་ལྷ་སའི་ས་གནས་གྲོང་ཁྱེར་དང་རྫོང་རིམ་པ་སོ་སོར་གཏོང་རྒྱུ་ཡིན་པ་དང་། བོད་སྐྱོད་དྭང་བླང་སློབ་མ་དེ་དག་བདེ་འཇགས་ངང་ལས་གནས་སུ་ཡོང་ཐུབ་ཆེད། བོད་རང་སྐྱོང་ལྗོངས་ལས་འཆར་ཁང་དང་བོད་རང་སྐྱོང་ལྗོངས་མི་མང་སྨན་ཁང་གཉིས་ནས་འགན་འཁུར་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༠༣ལོ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ནུབ་རྒྱུད་འཆར་གཞིའི་དྭང་བླང་སློབ་མ་ཟེར་བའི་ལས་གཞི་ཞིག་མགོ་བཙུགས་ཏེ། བོད་ཁུལ་དུ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་རྒྱ་རིགས་སློབ་མ་ལས་མེད་ཚོ་ཆེད་གཏོང་གིས། བོད་རིགས་མི་མང་ལ་རྒྱ་ནག་གི་ཆབ་སྲིད་དང་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། རྒྱ་རིགས་སློབ་མ་འབོར་ཆེན་བཏང་རྐྱེན་བོད་རིགས་སློབ་མ་ཚོར་ལས་གནས་མི་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བོད་སྐྱོར་དྭང་བླང་སློབ་མ་ཟེར་བར་ཁ་གཡར་ནས་རྒྱ་རིགས་འབོར་ཆེན་བོད་ནང་ཡོང་ཐབས་དང་། རྒྱ་རིགས་དེ་དག་བོད་ནང་གནས་སྡོད་བྱས་ཏེ་མི་སེལ་སྤེལ་བའི་ལས་འཆར་ཞིག་ཀྱང་ཆགས་བཞིན་ཡོད་འདུག

འདི་ལོའི་རྒྱ་ནག་གཞུང་འབྲེལ་གྲངས་ཐོ་ལྟར་ན། བོད་ཀྱི་ནུབ་རྒྱུད་ལས་གཞི་ཟེར་བ་མགོ་བཙུགས་པ་ནས་ རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ད་བར་དྭང་བླངས་སློབ་མ་ ༩༦༠༠ ལྷག་བོད་ནང་ལས་གཉེར་ཆེད་བཏང་ཡོད་པ་དང་། དེ་དག་ལས་སློབ་མ་ ༣༠༠༠ ཙམ་བོད་ཁུལ་དུ་གཏན་སྡོད་གཞིས་ཆགས་ཡོད་སྐོར་བརྗོད་པ་མ་ཟད། རྒྱ་རིགས་དྭང་བླང་སློབ་མ་བོད་ནང་གཏོང་མགོ་ཚུགས་པ་ནས་བོད་ཀྱི་ཤེས་ཡོན་པ་མེད་པའི་སྟོང་ཆ་ཁ་སྐོང་ཐུབ་ཡོད་པ་མ་ཟད། བོད་ཁུལ་གྱི་མི་རིགས་དང་རིགས་གནས་སོགས་ལ་ཕྱོགས་གང་ཐད་ནས་ཡར་རྒྱས་སོང་ཡོད་སྐོར་བཤད།བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་ནང་ལོགས་ནས་རྒྱ་རིགས་ལས་བྱེད་མང་པོ་གཏོང་གི་ཡོད་པ་དེས་བོད་ཞིང་འབྲོག་ཁུལ་གྱི་རིག་གནས་སློབ་གསོ་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ནང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་རིགས་སློབ་མ་ཡོངས་ནས་སློབ་གྲྭར་སྙན་ཞུ་ཕུལ་ཏེ། ཉེ་བའི་ལོ་ཤས་ནས་བཟུང་མི་རིགས་སློབ་འབྲིང་དེའི་ནང་རྒྱ་རིགས་དགེ་རྒན་ཇེ་མང་ནས་ཇེ་མང་དུ་སོང་སྟེ་མི་རིགས་སློབ་འབྲིང་ཞེས་པ་མིང་གི་ལྷག་མ་ཙམ་དུ་གཏོང་ཉེན་ཆེ་བས། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དགོས་པའི་རྒྱལ་ཁབ་ཀྱི་གཏན་འབེབས་སྲིད་བྱུས་ལག་བསྟར་བྱེད་དགོས་པ་མ་ཟད། ད་ཡོད་ཀྱི་རྒྱ་རིགས་དགེ་རྒན་ཚོར་ཆེད་དུ་འཛིན་གྲྭ་བཙུགས་ཏེ་བོད་ཡིག་བོད་སྐད་སྦྱོང་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད་པ་དང་། རེ་བ་དེ་མངོན་འགྱུར་མ་བྱུང་བར་དུ་ཞུ་གཏུག་མཚམས་འཇོག་རྒྱུ་མིན་སྐོར་བརྗོད་འདུག

སློབ་མའི་སྙན་ཞུ་དེའི་ནང་། ཉེ་བའི་ལོ་འདི་དག་གི་ནང། རང་སློབ་གྲྭ་སྟེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ནང། རྒྱ་མིའི་དགེ་རྒན་ཇེ་མང་ནས་ཇེ་མང་རེད། སྣང་ཚུལ་འདི་ནི་རྣོ་ངར་གྱི་རལ་ཁྲི་སོ་གཉིས་མ་ཞིག་སྟེ། འདིས་ཕྱོགས་གཅིག་ནས་མི་རིགས་སློབ་འབྲིང་ཞེས་པ་མིང་གི་ལྷག་མ་རུ་གཏོང་ཉེན་ཆེ། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་དགེ་རྒན་ཇེ་མང་དུ་ཕྱིན་པ་དེ་ཡིས་སློབ་གྲྭར་དགེ་རྒན་གྱིས་མི་འདང་བའི་གནད་དོན་ཞིག་ཐག་གིས་བཅད་པ་དང་ཡང་ཕྱོགས་གཞན་ཞིག་ནས་ གནད་དོན་ཞིག་བཟོས་པ་རེད། ད་ནི་ངེད་སློབ་མ་ཚོས་གནད་དོན་འདི་ཐག་གཅོད་དགོས་པའི་རེ་བ་ཞུས་པ་ཡིན། རེ་བ་འདི་ནི་སློབ་མ་གཅིག་དང་གཉིས་ཀྱི་རེ་བ་མིན་ལ་འདི་ནི་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་རིགས་སློབ་མ་ཡོངས་ཀྱི་རེ་བ་ཡིན། ང་ཚོས་སློབ་གྲྭ་ལ་རེ་བ་འདི་ལྟར་ཞུ་འདོད་དེ། ང་ཚོ་སློབ་མ་ཡོངས་ནས་སློབ་གྲྭས་དགེ་རྒན་འཚོལ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ལས་ཞིག་ཡིན་པ་རྒྱུས་ལོན་དང་བསམ་ཤེས་བྱེད་ཐུབ། འོན་ཀྱང། ང་ཚོས་རྒྱུས་ལོན་དང་བསམ་ཤེས་འདི་འདྲ་ཞིག་ལ་བརྟེན་ནས་མི་རིགས་སློབ་འབྲིང་ཞེས་པ་མིང་གི་ལྷག་མ་དང་ཕྱིའི་རྣམ་པ་ཙམ་དུ་འགྱུར་ཏུ་འཇུག་མི་འདོད་ལ་འགྱུར་ ཏུ་འཇུག་ཀྱང་མི་སྲིད། ང་ཚོས་སློབ་གྲྭ་འདིའི་ནང་གི་རྒྱ་མིའི་དགེ་རྒན་ཚང་མ་ཕྱིར་ཕུད་གཏོང་དགོས་པའི་རེ་བ་མི་འདོན་ལ། རྒྱ་མིའི་དགེ་རྒན་སློབ་གྲྭ་འདིའི་ནང་ཡོང་བར་གཏན་འགོག་བྱ་དགོས་པའི་རེ་བའང་མི་འདོན། ང་ཚོ་སློབ་མ་ཡོངས་ནས་རང་སློབ་གྲྭའི་སློབ་གཙོ་གཙོས་པའི་མཐོ་རིམ་མགོ་ཁྲིད་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་གྲངས་ཉུང་ས་ཁུལ་ནས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་དགོས་པའི་ཡང་དག་པའི་སྲིད་ཇུས་ལག་བལྟར་བྱས་སྟེ་རང་སློབ་ གྲྭའི་ནང་གི་རྒྱ་རིགས་དགེ་རྒན་ཚང་མར་བོད་སྐད་ཡིག་སྦྱང་སའི་འཛིན་གྲྭ་ཞིག་གཙོ་སྒྲིག་བྱས་ཏེ་ཁོང་ཚོ་ལའང་རང་ཅག་གི་སྐད་ཡིག་སྦྱང་དུ་འཇུག་རྒྱུའི་རེ་བ་ཞུས་པ་ཡིན། རེ་བ་འདི་ཇི་སྲིད་མངོན་འགྱུར་མ་བྱུང་བར་ང་ཚོས་དེ་སྲིད་མཚམས་མི་འཇོག འདི་ནི་ང་ཚོ་མི་རིགས་སོ་སོ་ཐ་དད་ཏུ་བྱས་ནས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་པ་མིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་སྐད་ ཆ་བཤད་པའང་མིན། དེ་ལས་ལྡོག་སྟེ། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ཡོང་ཆེད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཀྱི་ཁྲིམས་ལག་བསྟར་བྱས་པ་ཙམ་ལས་ཆབ་སྲིད་དང་འགལ་བའི་སྐད་ཆ་བཤད་པ་མིན། ཞེས་བརྗོད་འདུག་ལ། མཇུག་ཏུ་མཐོ་འབྲིང་འཛིན་གྲྭ་དང་པོ་ནས་གསུམ་པ་བར་གྱི་འཛིན་གྲྭ་ཁང་བཅུ་ཡི་བོད་རིགས་སློབ་མའི་སྐུ་ཚབ་ ༢༢ ཀྱིས་མིང་རྟགས་བརྒྱབ་འདུག

རྒྱ་ནག་གཞུང་གིས་ལོ་ལྟར་དྭང་བླང་སློབ་མ་ཟེར་བ་དང་སློབ་མ་གཞི་རིམ་ལ་གཏོང་བ་ཟེར་བར་ཁ་གཡར་ནས། རྒྱ་རིགས་སློབ་མ་མང་པོ་བོད་དང་ཡུ་གུར་གཙོའི་གྲངས་ཉུང་མི་རིགས་ས་ཁུལ་དུ་ཆེད་གཏོང་གིས་རྒྱ་ནག་གི་ཆབ་སྲིད་སློབ་གསོ་སྤེལ་བཞིན་ཡོད་པ་དང་། སྔར་ལོར་རྒྱ་ནག་ཧེ་ནན་ཞིང་ཆེན་གྱི་གྲོང་གསེབ་མགོ་འཁྲིད་གཞོན་པ་ཀྲང་ལིན་པིན་(Zhang Linbin)ཟེར་བ་ཞིག་གིས། དྭང་བླང་སློབ་མ་གཞི་རིམ་དུ་ཆེད་གཏོང་གི་ལས་གཞི་དེ་ནི་ན་གཞོན་ཚོ་བེད་སྤྱོད་ཀྱིས། མི་འབོར་བརྒྱ་ཆ་ ༩༠ ཟིན་པའི་རྒྱ་ནག་ཧན་མི་རིགས་དང་བོད་དང་ཡུ་གུར་ལྟ་བུའི་གྲངས་ཉུང་མི་རིགས་བར་གྱི་འབྲེལ་ལམ་དེ་རྒྱུན་དུ་དཀའ་རྙོག་ཅན་ཞིག་ཡིན་པ་དང་། དེ་དག་ལ་དམིགས་ནས་དྭང་བླང་སློབ་མ་ཚོ་ཆེད་དུ་གྲངས་ཉུང་མི་རིགས་ཁག་ལ་གཏོང་གི་ཡོད་སྐོར་བརྗོད་ཡོད་པ་རེད།

གནད་དོན་དེའི་ཐད་སྔར་ལོར་འདི་གའི་གསར་འགོད་པས་བོད་རྒྱའི་གནད་དོན་ཉམས་ཞིབ་པ་དང་རྒྱ་ཡིག་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་སུ། རྒྱ་ནག་གཞུང་གིས་དྭང་བླངས་སློབ་མ་མང་པོ་གྲོང་གསེབ་ཁུལ་དུ་གཏོང་གི་ཡོད་པ་དེའི་རྒྱབ་ལྗོངས་དམིགས་ཡུལ་ཅི་ཡིན་དྲིས་པར་ཁོང་གིས། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ན་གཞོན་མང་པོར་ལས་ཀ་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེ་ཚོ་གྲོང་ཁྱེར་ནང་ལས་ཀ་མེད་པར་ཡུན་རིང་སོང་ན་རྒྱ་ནག་གིས་བཤད་བཞིན་པའི་སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་ཡོད་སྟབས། མར་གཞི་རིམ་དུ་བཏང་ནས་དཀའ་ངལ་དེ་དག་ཡུད་ཙམ་རིང་སེལ་ཐབས་དང་། ཕྱོགས་གཅིག་ནས་ན་གཞོན་དེ་དག་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ལ་གཏང་བ་ཡིན་ན། རྒྱ་ནག་གི་ཆབ་སྲིད་ལས་ཀ་དང་སོ་ཉུལ་ལས་ཀ་སོགས་ཀྱི་ཆེད་བེད་སྤྱོད་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༣༠

Leave a Reply