ཕྱི་ཟླ་ ༨ ཚེས་ ༣༡ བར་སློབ་གྲྭ་ཁག་སྒོ་ཕྱེ་མི་ཆོག་པའི་བཀའ་ཁྱབ་བསྒྲཊ།

རྒྱ་གར་རྒྱལ་ཡོངས་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྒོ་བརྒྱབ་སྟེ་ཟླ་བ་ ༤ ལྷག་འགྲོ་བཞིན་ཡོད་པ་དང་མུ་མཐུད་ཕྱི་ཟླ་ ༨ ཚེས་ ༣༡ བར་སྒོ་ཕྱེ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་འདུགཁ་སང་རྒྱ་གར་ནང་སྲིད་ལྷན་ཁང་གི་བཀའ་ཁྱབ་ལྟར་ན། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཚབས་ཆེ་བའི་ས་ཁུལ་ཕུད་པའི་ཁྱིམ་སྡོད་བཀའ་རྒྱ་སྒོ་འབྱེད་དམ། སྤྱི་ཚོགས་སྔར་ལས་གུ་ཡངས་སུ་བཏང་སྟེ། ཕྱོགས་ཡོངས་ཀྱི་བྱེད་སྒོ་ཁག་སྒོ་འབྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། མུ་མཐུད་སྒོ་ཕྱེ་པའམ་བྱེད་སྒོ་གཉེར་མི་ཆོག་པའི་རིགས་ཁག་ཅིག་གསལ་འདོན་བྱས་པའི་ནང་།  སློབ་གྲྭ་ཁག་དང་མཐོ་སློབ། དེ་བཞིན། སློབ་གསོའི་བསྟི་གནས་ཁང་གཞན་རྣམས་ཕྱི་ཟླ་ ༨ ཚེས་ ༣༡ བར་སྒོ་ཕྱེ་མི་ཆོག་པ་དང་། དྲ་ཐོག་སློབ་འཁྲིད་གཙོས་པའི་རྒྱང་བཀྱེད་སློབ་འཁྲིད་སོགས་མུ་མཐུད་གནང་དགོས་པའི་འབོད་སྐུལ་གནང་འདུག

གློག་བརྙན་ཁང་དང་ཆུ་རྐྱལ་ཁང་། ཟློས་གར་ཁང་དང་ཆང་ཁང་། ཚོམས་ཆེན་དང་ཚོགས་ཁང་ལ་སོགས་སྒོ་ཕྱེ་མི་ཆོག་པ་དང་། རླུང་སྦྱོང་དང་ལུས་སྦྱོང་ཁང་གཉིས་ཕྱི་ཟླ་ ༨ ཚེས་ ༥ ཉིན་ནས་ལས་གཉེར་ཆོག་གི་ཡོད་ཀྱང་། རྒྱ་གར་ནང་སྲིད་ལྷན་ཁང་གི་བཀའ་ཁྱབ་ལམ་སྟོན་གཞིར་བཟུང་འགྲོ་དགོས་ཀྱི་ཡོད་པ་མནན་བརྗོད་གནང་འདུག

གཞན་ཡང་། རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཞུ་དང་ས་འོག་མེ་འཁོར། སྤྱི་ཚོགས་དང་ཆབ་སྲིད། རྩེད་རིགས་དང་འཁྲབ་སྟོན། སློབ་གསོ་དང་རིག་གཞུང་། ཆོས་ལུགས་སོགས་ཀྱི་བྱེད་སྒོ་ཆེ་ཁག་རིགས་སྤེལ་ཆོག་གི་མེད་འདུག

འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་ནས་བཟུང་རྒྱ་ནག་ཝུ་ཧན་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་སྟེ་ད་ལྟ་འཛམ་གླིང་གི་ཡུལ་ལུང་གང་སར་ཁྱབ་སྟེ་མི་གྲངས་ས་ཡ་་ ༡༧ ལྷག་ལ་ཏོག་དབྱིབས་གཉན་རིམས་འགོས་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་བསམ་ཡུལ་ལས་འདས་པ་བྱུང་བ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཙམ་ནས་བཟུང་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་དང་མི་ཚོགས་ཆེ་བའི་ལྟེ་གནས་ཚང་མ་སྒོ་བརྒྱབ་ཡོད་པ་རེད།

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༣༠

Leave a Reply