སྤྱི་འཐུས་ལྷན་ཚོགས་ནས་ཡིག་འཁྱམ་ངོས་འཛིན་ཐད་ཐག་གཅོད་ཅིག་གནང་འདུག

དུས་རྒྱུན་ཚོགས་དྲུང་ལས་ཁུངས་སུ་ཞུ་ཡིག་རིགས་མང་པོ་འབྱོར་གྱི་ཡོད་ཀྱང་དོ་བདག་སྐུར་མཁན་གྱི་མིང་དང་ཁ་བྱང་སོགས་གསལ་པོ་མེད་རྐྱེན་ཞུ་དོན་གལ་ཆེན་རིགས་ཀྱང་རྩིས་མེད་ཆགས་ཀྱི་ཡོད་པས་ཐག་གཅོད་ཅིག་གསལ་བསྒྲགས་གནང་འདུགཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིག་འཁྱམ་ངོས་འཛིན་གནང་ཕྱོགས་དང་འབྲེལ་བའི་ཐག་གཅོད་ཅིག་གསལ་བསྒྲགས་གནང་བའི་ནང་། སྤྱི་འཐུས་ལྷན་ཚོགས་ལ་བསམ་ཚུལ་དང་འབོད་སྐུལ། རྩོད་རྙོག་རིགས་ཀྱི་ཞུ་གཏུགས་བྱེད་དགོས་བྱུང་ཚེ་འབྲེལ་ཡོད་དོ་བདག་གི་ཁ་བྱང་དང་དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་སོགས་གསལ་བོ་བསྐུར་དགོས་སྐོར་གསུངས་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་སུ་ཡིག་འཁྱམ་ངོས་འཛིན་གནང་ཕྱོགས་སྐོར་གྱི་གསལ་བསྒྲགས་དེ་སྤེལ་དགོས་དོན་གཙོ་བོ་གང་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། ཡིག་འཁྱམ་ངོས་འཛིན་གནང་ཕྱོགས་ཀྱི་གསལ་བསྒྲགས་སྤེལ་དོན་ནི། འདི་ག་ཚོགས་དྲུང་ལས་ཁུངས་སུ་ཁ་བྱང་མེད་པའི་ཡིག་འཁྱམ་མང་པོ་ཞིག་འབྱོར་གྱི་ཡོད་པ་དང་། ཡིག་ཆ་ཁ་ཤས་ཤིག་གལ་ཆེན་པོ་ཡིན་ཡང་ཁ་བྱང་དང་གཏོང་མཁན་གྱི་མིང་སོགས་གསལ་བོ་མེད་པའི་རྐྱེན་གྱིས་ཡིག་འཁྱམ་དུ་འགྱུར་གྱི་ཡོད་པར་བརྟེན། ཡིག་འཁྱམ་ལ་སྟངས་འཛིན་དང་དཀའ་ངལ་སེལ་སླད་གསལ་བསྒྲགས་དེ་སྤེལ་བ་རེད། གལ་སྲིད་སོ་སོའི་གནད་དོན་གལ་ཆེན་པོའི་རིགས་ཡིན་ན། དོ་བདག་གི་མིང་དང་ཁ་བྱང་ཆ་ཚང་བྲིས་ནས་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས། དེང་སྐབས་རྒྱ་གར་ནང་སྐད་འཕྲིན་མེད་པ་ལྟ་བུ་བཟོས་ཡོད་སྟབས། བོད་མི་ཚོས་སྤྱི་ཚོགས་བརྒྱུད་ལམ་གཞན་གྱི་ཐོག་ཚོགས་པ་བཟོ་བ་སོགས་བྱེད་ཀྱི་ཡོད་པས། གསལ་བསྒྲགས་ཀྱི་མཇུག་ཏུ་སྐད་འཕྲིད་ཚོགས་པ་ཞེས་བྲིས་འདུག་པ་དེའི་ཁོངས་སུ་འཚམས་འཕྲིན་(whatsApp)དང་རྒྱང་འཕྲིན་(telegram)། ངོ་དེབ་དང་པར་འཕྲིན་(instagram)སོགས་སྤྱི་ཚོགས་དྲ་གནས་ཁག་ཚུད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། དེང་སང་འཕྲུལ་ཆས་ཀྱི་རིགས་མང་པོ་ཡོད་དུས། སྐད་འཕྲིན་ཟེར་དུས་(wechat)གཅིག་པོ་མིན་པར་འཚམས་འཕྲིན་དང་རྒྱང་འཕྲིན་སོགས་ཚང་མར་གོ་ཡི་ཡོད། དེ་འདྲ་བའི་དྲ་ཐོག་ཏུ་ཡོད་པའི་ཚོགས་པ་ཞིག་གིས་ཕྱག་ཡིག་འབུལ་གྱི་ཡོད་ཚེ། ཚོགས་པ་དེའི་ཚོགས་གཙོའི་གཏན་སྡོད་ཁ་བྱང་དང་དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་སོགས་ངེས་པར་དུ་དགོས་ཀྱི་ཡོད་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།

ད་རེས་ཐག་གཅོད་དེ་ནི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་འདུ་ཚོགས་ཐེངས་ ༣༡༥ ཐོག་བྱུང་བ་ཞིག་ཡིན་པ་དང་། ཐག་གཅོད་དེའི་ནང་ཡིག་འཁྱམ་ཡིག་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་དོན་ཚན་ ༥ ཡོད་པ་ནི། ཡི་གེ་གང་ཡང་རུང་བ་ཞིག་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དང་མ་ཕུལ་སྔོན་སྤྱི་ཚོགས་དྲ་ལམ་དུ་ཐོན་ཚེ། ཡི་གེ་དེའི་རིགས་ལ་ཚོགས་དྲུང་ལས་ཁུངས་ནས་བདག་པོ་རྒྱག་རྒྱུ་མིན་པ་དང་། དོ་བདག་གི་དངོས་མིང་དང༌གཏན་སྡོད་འབྲེལ་གཏུག་ཁ་བྱང༌། ཁ་པར་ཨང་གྲངས་དང་མཚན་རྟགས། དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་བཅས་མེད་པའི་སྤྱི་ཡོངས་ཀྱི་བསམ་ཚུལ་དང་བདེ་སྡུག་གནས་སྟངས། རྩོད་རྙོག་སོགས་གློག་འཕྲིན་དང་སྦྲགས་བརྒྱུད་ནས་ཞུས་པ་རྣམས་ཡིག་འཁྱམ་ལ་ངོས་འཛིན་བྱ་རྒྱུ་དང་། སྐད་འཕྲིན་ཚོགས་པ་ཁག་ནས་ཡིག་འབྲེལ་གནང་བར་ཚོགས་པའི་ཚོགས་གཙོའི་གཏན་སྡོད་ཁ་བྱང་དང་ཁ་པར་ཨང་གྲངས། དེ་བཞིན། དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་བཅས་གསལ་པོ་བཀོད་མེད་ན་ཡིག་འཁྱམ་ལ་ངོས་འཛིན་བྱ་རྒྱུ་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༣༡

Leave a Reply