དམག་སྤྱི་གཉིས་ཀྱིས་ཞི་ཅིན་ཕིན་ལ་ཉེན་བརྡ་བཏང་།

རྒྱ་ནག་མཁའ་དམག་གི་དམག་སྤྱི་དང་དམག་བྱུས་ལམ་སྟོན་པ་ཆའོ་ཉིང་དང་ཏེ་ཞུ་ཞེས་པ་གཉིས་ཀྱིས་ཞི་ཅིན་ཕིན་གཞུང་གིས་ཏོག་དབྱིབས་གཉན་རིམས་རྒྱ་ཁྱབ་དང་བསྟུན་ཁྱིམ་མཚེས་རྒྱལ་ཁག་སོགས་ལ་འཁོན་འཛིང་ཆེན་པོ་སློང་གི་ཡོད་པ་དེ་ནི་ནོར་འཁྲུལ་ཚབས་ཆེན་ཡིན་པའི་སྐྱོན་བརྗོད་བྱས་འདུགདེ་རིང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན། རྒྱ་གར་གྱི་དབྱིན་ཡིག་ཝིན(wion)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་སུ་རྒྱ་ཁྱབ་ཏུ་ཕྱིན་པའི་ཏོག་དབྱིབས་གཉན་རིམས་དང་བསྟུན། ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་དང་ཨ་རི་དང་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས། རྒྱ་ནག་མཁའ་དམག་གི་དམག་སྤྱི་གཉིས་ཀྱིས་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ཕྱི་སྲིད་འཐུས་ཤོར་བཏང་བ་དང་། ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལྷག་པར་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་གྱིས་མངའ་ཁོངས་སུ་བཅུག་འདོད་པ་སོགས་ནི་ཕྱི་སྲིད་ཀྱི་ནོར་འཁྲུལ་ཚབས་ཆེན་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་སྲིད་དབང་ཐད་འགལ་བ་དང་རྩོད་རྙོག་འབྱུང་བཞིན་པའི་རྣམ་པ་ཤུགས་ཆེར་མངོན་བཞིན་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་དེ་སྔའི་མཁའ་དམག་གི་དམག་སྤྱི་ཟུར་པ་ཆཱའོ་ཉིང་(Qiao Liang)ཟེར་བས་བརྙན་ལམ་བཅར་འདྲི་ཞིག་དང་བསྟུན། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ཏོག་དབྱིབས་གཉན་རིམས་དེ་གོ་སྐབས་ཤིག་ཏུ་བསམ་ནས་ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུ་མེད་པ་དང་། གལ་ཏེ་རྒྱ་ནག་གིས་ཐའེ་ཝན་དྲག་པོའི་དམག་གིས་མངའ་ཁུངས་སུ་བཅུག་འདོད་ན། རྒྱ་ནག་གི་དམག་དཔུང་ལ་དེང་རབས་དམག་ཆས་ཀྱིས་ཚད་འདང་ངེས་མེད་པས། རྒྱ་ནག་གིས་ཐོན་ཁུངས་དང་ནུས་ཤུགས་ཡོད་ཚད་དམག་དཔུང་ལ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། ཞི་ཡིས་སྒོ་ང་ཚང་མ་སླེ་བོ་གཅིག་གི་ནང་དུ་བཅུག་རྒྱུ་མེད་པ་མ་ཟད། གནད་དོན་དེ་ནི་གྱོང་གུད་དང་འགྲོ་སོང་ཆེན་པོ་ཞིག་ཡིན་སྐོར་བརྗོད་འདུགཡང་ཁོང་གིས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་སུ་བཙན་འཛུལ་བྱས་པ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འབྲེལ་ལམ་ཇེ་སྡུག་དང་དཔལ་འབྱོར་གྱི་ཉེས་ཆད་བཅད་དེ། རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཉེ་སྔོན་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་པ་ཡིན་ན། ཨ་རིའི་རྒྱ་ནག་དང་མཉམ་དུ་དམག་འཁྲུག་སློང་རྒྱུ་ཡིན་པ་སོགས་ཤུགས་ཆེར་བསྒྲགས་ཡོད་འདུག

དེ་བཞིན་མཁའ་དམག་གི་དམག་སྤྱི་གཞན་དེ་ནི་ཏེ་ཞུ(Dai Xu)ཟེར་བས། རྒྱ་ནག་གི་ཕྱི་སྲིད་དང་འབྲེལ་བའི་རྒྱ་ནག་གིས་ཨ་རིའི་ཕྱོགས་ནས་ངེས་དགོས་པ་བཅུ་དང་ཚོད་དཔག་མི་ཐུབ་པ་བཞི་ཟེར་བའི་ཆེད་རྩོམ་ཞིག་བྲིས་པའི་ནང་། པེ་ཅིན་གྱིས་ཨ་རི་དང་གདོང་ཐུག་བྱུང་རྒྱུའི་ཐད་ནས་ཡིད་གཟབ་དགོས་པ་མ་ཟད། ད་ལྟ་ཨ་རིའི་རྒྱ་ནག་སྒང་ལ་ཚོང་འབྲེལ་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་ ༣༠ རྒྱག་གི་ཡོད་པ་ཡིད་ལ་དྲན་དགོས་པ་དང་། གནད་དོན་དེས་མ་འོངས་པར་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་ ༦༠ ནས་ ༩༠ དང་། དེ་ལས་མང་པའི་གྱོང་གུད་ཐེབས་སྲིད་པས། རྒྱ་ནག་གིས་ཨ་རི་དང་འབྲེལ་ལམ་བྱེད་པར་ཁོང་ཁྲོ་གཅིག་པུ་མ་ཡིན་པར་ཤེས་རབ་དང་ལྡན་པའི་འབྲེལ་ལམ་འཛིན་ཐབས་དགོས་སྐོར་བརྗོད་ཡོད་འདུག

ཡང་ཁོང་གིས། རྒྱ་ནག་གིས་ཨ་རི་དང་ཁ་གཏད་དུ་ལངས་པ་ནི་རང་གི་གྲོགས་པོ་ཚོ་དང་འབྲེལ་ལམ་གཅོད་ཐབས་ཡིན་པ་མ་ཟད། ད་ལྟའི་ཆར་རྒྱལ་ཁབ་དང་གླིང་ཕྲན་མང་པོ་མཉམ་འབྲེལ་གྱིས་རྒྱ་ནག་གི་ཁ་གཏད་དུ་ལངས་བཞིན་ཡོད་པས། ད་ལྟའི་ཆར་རྒྱ་ནག་གིས་རྒྱལ་ཁབ་དཔེ་མང་པོར་ཅ་དངོས་ཐད་ནས་རོགས་སྐོར་བྱེད་ཀྱི་ཡོད་ན་ཡང་། དཀའ་སྡུག་དང་གནད་འགག་གི་སྐབས་སུ་རྒྱལ་ཁབ་སུ་གཅིག་ཀྱང་རྒྱ་ནག་གི་རྒྱབ་ཏུ་ལངས་ཏེ་མཉམ་འབྲེལ་བྱེད་མི་སྲིད་སྐོར་སོགས་བརྗོད་འདུག

མཁའ་དམག་གི་དམག་སྤྱི་དེ་གཉིས་ནི་རྒྱ་ནག་གི་དམག་ནུས་ཐད་ཉམས་མྱོང་དང་སོ་ལྟ་བ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་དམག་སྤྱི་ཆཱའོ་ཉིང་ནི་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་ཚོའི་དམག་བྱུས་ལམ་སྟོན་པ་དང་བྱུས་འགོད་པ་ལྟ་བུ་ཡིན་པ་དང་། ཁོང་གིས་དེ་སྔ་ཚད་བཀག་མེད་པའི་དམག་འཁྲུག་(Unrestricted Warfare)ཟེར་བའི་དཔེ་དེབ་ཅིག་བརྩམས་པའི་ནང་། རྒྱ་ནག་དེ་འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་སུ་ག་འདྲ་ཆགས་དགོས་པ་དང་། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་འགྲོ་སོང་ཕོན་ཆེན་བཏང་སྟེ་དམག་འཁྲུག་དང་བཙན་འཛུལ་བྱེད་མི་དགོས་པར་ནད་འབུ་གསར་སྐྲུན་བྱས་ཏེ་གཏོང་དགོས་སྐོར་སོགས་ཀྱི་བསམ་ཚུལ་བཤད་ཡོད་འདུག

ཝིན་གསར་ཁང་གི་བསམ་ཚུལ་ནང་། རྒྱ་ནག་གི་དམག་སྤྱི་དང་མཐོ་རིམ་དམག་དཔོན་དེ་དག་ནི་ནམ་རྒྱུན་ཕྱི་ནས་ཞི་ཡི་སྲིད་དབང་ལ་སྐྱོན་བརྗོད་བྱེད་མཁན་མ་ཡིན་པར། ད་ལྟ་ད་དུང་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ཁྲོད་དབང་ཆ་མཐོ་བོ་ཡོད་མཁན་ཡིན་པས། གལ་ཏེ་དམག་སྤྱི་དེ་དག་གི་སྐད་ཆ་དངོས་སུ་ལག་ལེན་བསྟར་བ་ཡིན་ན། ཞི་ཡི་སྲིད་དབང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་མངོན་གསལ་ཡིན་ཚུལ་བརྗོད་འདུག

དམག་སྤྱི་ཆེན་པོ་ཆཱའོ་ཉིང་རྒྱ་ནག་པེ་ཅིན་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཁོང་ནི་རྒྱ་ནག་གི་མཁའ་དམག་སྤྱི་ཁྱབ་པ་དང་། དམག་བྱུས་པ་དང་རྩོམ་པ་པོ། རྒྱ་ནག་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། རྒྱ་ནག་རྒྱལ་ཡོངས་བདེ་སྲུང་ཉེན་རྟོག་སློབ་གླིང་གི་འགན་འཛིན་གཞོན་པ་སོགས་ཀྱི་གོ་གནས་བཟུང་ཡོད་ཀྱང་། སྔར་ལོ་ནས་དམག་སྤྱི་ནས་རྒས་ཡོལ་དུ་ཕྱིན་ཡོད་ནའང་། ད་དུང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་ནང་ཤུགས་རྐྱེན་ཆེན་ཡོད་འདུགདེ་བཞིན་དམག་སྤྱི་ཆེན་མོ་ཏེ་ཞུ (Dai Xu)་རྒྱ་ནག་མཁའ་དམག་གཙུག་ལག་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། རྒྱ་ནག་གི་གསར་ཁང་ཆེ་ཁག་ཁ་ཤས་ནང་དམག་དོན་གསར་འགོད་པ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣་ལོ་ནས་རྒྱ་ནག་མཁའ་དམག་གི་དམག་སྤྱིར་བསྡད་ཡོད་པ་དང། ཁོང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བདེ་སྲུང་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་དང་རྩོམ་པ་པོ་ཞིག་ཀྱང་ཡིན་འདུག ཁོང་ནི་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དམག་སྤྱི་མཁྲེགས་འཛིན་པ་དང་རྒྱལ་ཞེན་རྐྱང་གིས་ལས་དོན་གཉེར་མཁན་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༧/༣༡

Leave a Reply