རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞི་དང་ལག་བསྟར་གནང་ཕྱོཊ་ལ་འགྱུར་བ་ཆེན་པོ་བཏང་འདུག

ལོ་ངོ་ ༣༤ ཡི་རྗེས་སུ་མུ་དྷི་གཞུང་གིས་རྒྱལ་ཡོངས་ཀྱི་ཤེས་ཡོན་སྲིད་བྱུས་གསར་པ་བཟོས་ཏེ་སློབ་གསོའི་སྒྲོམ་གཞི་དང་བཅས་པར་བསྒྱུར་བཅོས་ཆེན་པོ་བཏང་ནས་འདྲ་མཉམ་དང་སྤུས་ཚད་ལྡན་པ། མཐུན་རྐྱེན་འཛོམས་པོ། འགན་འཁུར་ཐུབ་པའི་གཞི་རྩའི་འོག་སྲིད་བྱུས་གསར་པ་གཏན་འབེབ་གནང་ཡོད་སྐོར་གསུངས་འདུགརྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱ་གར་གྱི་ཤེས་རིག་བློན་ཆེན་སྐུ་ཞབས་རཱ་མེཤ་པོ་ཁི་རི་ཡཱལ་ནི་ཤཱང་ (Ramesh Pokhriyal Nishank) མཆོག་དང་། དྲིལ་བསྒྲགས་བློན་ཆེན་སྐུ་ཞབས་པཱ་རཱ་ཀཤ་ཇ་བཱ་དི་ཀར་ (Prakash Javadekar)མཆོག་རྣམ་གཉིས་དབུ་བཞུགས་ཐོག་རྒྱ་གར་གཞུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་གསར་པ་ ༢༠༢༠ (National Education Policy) ཞེས་པ་ཞིག་གཏན་འབེབས་གསལ་བསྒྲགས་གནང་ཡོད་པ་དང་། སྲིད་བྱུས་གསར་པའི་ནང་རྒྱ་གར་གྱི་གཞི་རིམ་དང་མཐོ་རིམ་སློབ་གསོའི་སྒྲོམ་གཞི་དང་བཅས་པར་བསྒྱུར་བཅོས་ཆེན་པོ་བཏང་སྟེ། མྱོང་བ་དང་དབྱེ་ཞིབ་རང་བཞིན་གྱི་སློབ་གསོའི་ཁོར་ཡུག་བསྐྲུན་རྒྱུར་དམིགས་ཡོད་འདུག

ཁ་སང་གི་གསར་འགོད་གསལ་བསྒྲགས་ནང་། ཤེས་ཡོན་སྲིད་བྱུས་གསར་པ་དེ་ནི་རྒྱ་གར་འཛུགས་སྐྲུན་གྱི་སྒལ་ཚིགས་ལྟ་བུ་དང་། སྲིད་བྱུས་གསར་པ་དེ་བརྒྱུད་ད་ལྟ་རྒྱ་གར་ནང་ལ་སློབ་ཞུགས་ཀྱི་བརྒྱ་ཆ་ ༢༦ ཙམ་ཡིན་པ་དེ་བརྒྱ་ཆ་ ༥༠ བར་འཕར་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག་ལ། སྲིད་བློན་མུ་དྷི་མཆོག་གིས་སྒེར་གྱི་ཊུ་ཝི་ཊར་དྲ་ལམ་སྟེང་། ཐོས་པ་དང་ཞིབ་འཇུག གསར་གཏོད་བཅས་ཀྱི་དུས་རབས་འདིར། ཤེས་ཡོན་སྲིད་བྱུས་གསར་པ་འདིས་མ་འོངས་པར་མི་གྲངས་ས་ཡ་མང་པོའི་འཚོ་བར་འགྱུར་བ་གཏང་ངེས་རེད། ཅེས་ཐེངས་འདིའི་ཤེས་ཡོན་སྲིད་བྱུས་ནི་འདྲ་མཉམ་དང་སྤུས་ཚད་ལྡན་པ། མཐུན་རྐྱེན་འཛོམས་པོ། འགན་འཁུར་ཐུབ་པའི་གཞི་རྩའི་འོག་གཏན་འབེབ་བྱས་པ་ཞིག་ཡིན་སྐོར་གསུངས་འདུག་ལ། སང་ཉིན་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག་བརྙན་ལམ་བརྒྱུད་སྲིད་བློན་མཆོག་ནས་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་གསར་པའི་སྐོར་ལ་ཡོངས་ཁྱབ་གསུང་བཤད་གནང་རྒྱུ་ཡིན་འདུག

རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པའི་ནང་བསྒྱུར་བཅོས་གཙོ་བོ་ནི། དེ་སྔོན་རྒྱ་གར་གྱི་ཤེས་ཡོན་ཐོབ་ཐང་ཁྲིམས་ཡིག་ནང་གཞི་རིམ་སློབ་གསོའི་ལོ་ཚད་དེ་ལོ་ན་ ༦ ནས་ ༡༤ བར་འཁོད་པ་དེ་ལོ་ན་ ༣ ནས་ ༡༨ བར་བསྐྱར་བཅོས་བྱས་ཏེ། འཛིན་རིམ་ ༡ ནས་ ༥ བར་ལ་སྔོན་འགྲོ་དང་། རང་ལོ་ ༦ ནས་ ༨ བར་གཞི་རིམ་བར་མ། དེ་བཞིན་ ༨ ནས་ ༡༡ བར་གཞི་རིམ་གོང་མ་དང་། འཛིན་རིམ་ ༡༢ ནས་ཁྱོན་ལོ་ ༤ རིང་ལ་མཐོ་སློབ་ཀྱི་སློབ་སྦྱོང་བཅས་འཆར་འགོད་བྱས་ཡོད་པ་མ་ཟད། འཛིན་རིམ་ ༡༠ དང་ ༡༢ གཉིས་སྐབས་སྔར་རྒྱུན་ལྟར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་དགོས་པ་དང་། འཛིན་རིམ་ ༣ དང་ ༥།  དེ་བཞིན་ ༨ མ་གཏོགས་འཛིན་རིམ་གཞན་རྣམས་ལ་ཡིག་རྒྱུགས་མེད་པ་བཟོས་ཡོད་འདུག ལྷག་པར་དུ་སློབ་སྦྱོང་གི་ལོ་ཡུན་དེའི་ནང་སློབ་ཕྲུག་ཚོར་དཔེ་དེབ་ཀྱི་ཤེས་བྱ་གཙོ་བོར་བཟུང་མི་བྱེད་པར། འཛིན་རིམ་ ༥ བར་དུ་རང་ཉིད་ཀྱི་ཕ་སྐད་ཡང་ན་སོ་སོའི་ས་གནས་ཀྱི་སྐད་ཡིག་རང་གི་ལམ་ནས་སློབ་ཁྲིད་དང་། རྣམ་དཔྱོད་དང་རིག་རྩལ་གོང་འཕེལ་སོགས་ཀྱི་ཐོག་ལ་ཤུགས་སྣོན་ཆེན་པོ་བརྒྱབ་རྒྱུ་དང་། རྒྱ་གར་གྱི་མིའི་ནུས་ཤུགས་ཡར་རྒྱས་ལྷན་ཁང་(Human Resource Development)ཞེས་པ་དེ་ད་ལྟ་ཤེས་རིག་ལྷན་ཁང་(Education Ministry)ཞེས་པར་བསྒྱུར་ཡོད་འདུགདེ་བཞིན་འཛིན་རིམ་ ༦ པ་ནས་སློབ་མར་ལས་རིགས་སྦྱོང་བརྡར་གྱི་སློབ་ཚན་གདམ་ག་ཡོད་པ་དང་། འཛིན་རིམ་ ༨་པ་ནས་རང་ཉིད་ཀྱི་འདོད་མོས་ལྟར་སློབ་ཚན་ཁག་ཅིག་འདེམས་སྒྲུག་བྱེད་རྒྱུ་ཡོད་ཀྱང་། ད་ལྟའི་འཛིན་རིམ་ ༡༡ དང་ ༡༢ སྐབས་ཚན་རིག་དང་། འབྱུང་རིག ཚན་རིག་བཅས་རིགས་ཚན་གསུམ་དུ་ཕྱེས་པའི་སློབ་གསོའི་ལམ་ལུགས་དེ་མེད་པར་བཟོས་ཡོད་འདུག དེ་བཞིན་མཐོ་སློབ་ཏུའང་སོ་སོའི་གཞི་རྩའི་སློབ་ཚན་ཐོག་རོལ་ཆ་སོགས་ཟུར་དུ་རྒྱུན་ཤེས་ཀྱི་སློབ་ཚན་འདེམས་རྒྱུ་ཡོད་ཅིང་། མཐོ་སློབ་ལོ་ཡུན་བཞིའི་སྐབས་ལོ་དུས་རེ་རེའི་གྲུབ་འབྲས་ལྟར་ལག་འཁྱེར་ཡོད་པ་དང་། སློབ་སྦྱོང་གི་དུས་ཡུན་ཁྲོད་ལོ་རེར་ཡིག་རྒྱུགས་ཐེངས་གཉིས་གཏང་དགོས་ཡོད་ཀྱི་འདུག  གཞན་ཡང་རྒྱ་གར་ནང་གི་གཞི་རིམ་གོང་མའི་བར་གྱི་སློབ་གྲྭ་རྣམས་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་རྒྱུ་དང་། གཞུང་དང་གཞུང་འབྲེལ་མིན་པའི་སློབ་གྲྭ་ཡོད་ཚད་ཡིག་རྒྱུགས་ལམ་ལུགས་གཅིག་གི་འོག་འགྲོ་དགོས་པ་བཟོས་ཡོད་འདུག

སྤྱིར་ཤེས་ཡོན་སྲིད་བྱུས་འདིའི་སྒྲོམ་གཞི་ནི་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་དབུས་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ཏི་ཨེས་ཨར་སུ་བཱ་ར་མཱ་ནི་ཨན་(T.S.R Subramanian) ལགས་ཀྱི་སྣེ་ཁྲིད་འོག རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཚོགས་ཆུང་གིས་བཏོན་པའི་དཔྱད་ཞིབ་སྙན་ཐོ་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་གྱི་བར་སྣང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཀཱི་རེཤ་ན་སོ་མི་ཀཱས་ཏུ་རི་རཱང་གཱན་ (Krishnaswamy Kasturirangan) ལགས་ཀྱི་སྣེ་ཁྲིད་འོག རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཚོགས་ཆུང་གི་དཔྱད་ཞིབ་སྙན་ཐོ་གཉིས་ལ་དབུས་གཞུང་གིས་གྲོས་བསྡུར་དང་བཅོས་སྒྲིག་རིམ་པ་བརྒྱུད་ཤེས་ཡོན་སྲིད་བྱུས་གསར་པ་དེ་ཉིད་གཏན་འབེབས་གནང་བ་ཞིག་ཡིན་འདུག་ལ། སྤྱིར་བཏང་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ནི་ཡོངས་ཁྱབ་ཀྱི་ལམ་སྟོན་ཙམ་ལས། འབྲུ་དོན་བཞིན་ངེས་པར་དུ་ལག་བསྟར་བྱེད་དགོས་ཀྱི་མེད་ཅིང་། ཤེས་ཡོན་སྲིད་བྱུས་ནང་བསྒྱུར་བཅོས་བཏང་བའི་དོན་ཚན་ཁག་རྒྱ་གར་གྱི་དབུས་གཞུང་དང་མངའ་སྡེའི་གཞུང་གཉིས་མཉམ་འབྲེལ་སྒོས་ལག་བསྟར་གནང་རྒྱུ་ཡིན་འདུགདེ་ཡང་ཕྱི་ལོ་ ༡༩༦༤ ལོར་རྒྱ་གར་ལ་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ཤིག་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་སླེབས་པར་བརྟེན། ལོ་དེ་རང་ལ་ཚོགས་མི་ ༡༧ ལས་གྲུབ་པའི་ཤེས་ཡོན་སྲིད་བྱུས་འཆར་ཟིན་ཚོགས་ཆུང་ཞིག་བསྐོ་གཞག་བྱས་ཏེ། ཕྱི་ལོ་ ༡༩༦༨ ལོར་རྒྱ་གར་གྱི་གྲོས་ཚོགས་ནས་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ཐོག་མ་དེ་གཏན་འབེབ་གནང་ཡོད་པ་རེད། སྤྱིར་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབ་བགནང་རྒྱུ་ཁག་པོ་ཡིན་སྟབས། ད་ཐེངས་ཕུད་འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་རྒྱ་གར་གི་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་གསར་པ་གཉིས་མ་གཏོགས་གཏན་འབེབ་བྱས་ཐུབ་མེད་འདུག དེ་ཡང་ཕྱི་ལོ་ ༡༩༦༨ ལོར་སྲིད་བློན་ཨིན་དྷ་ར་གྷན་དྷི་མཆོག་དང་། ཕྱི་ལོ་ ༡༩༨༦ ལོར་སྲིད་བློན་ར་ཇིབ་གྷན་དྷི་མཆོག་གི་སྣེ་ཁྲིད་འོག་ནས་ཤེས་ཡོན་སྲིད་བྱུས་གཉིས་གཏན་འབེབ་གནང་ཡོད་ཅིང་། ཕྱི་ལོ་ ༡༩༨༦ ལོའི་ཤེས་ཡོན་སྲིད་བྱུས་དེར་ཕྱི་ལོ་ ༡༩༩༢ ལོར་བསྐྱར་བཅོས་ཐེངས་གཅིག་གནང་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་དང་། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༧/༣༡

Leave a Reply