ཧུ་ཧའེ་པང་གི་ནག་ཉེས་ར་འཕྲོད་ཡོད་ཟེར།

རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་བ་དང་རྒྱ་ནག་རྒྱལ་ཡོངས་ཡར་རྒྱས་དངུལ་ཁང་གི་འགན་འཛིན་ཟུར་བ་ཧུ་ཧའེ་པང་ལ་ཨ་སྒོར་ས་ཡ་ ༡༢ ལྷག་ལྐོག་ཟ་བྱས་ཡོད་པའི་ནག་ཉེས་གཡོགས་འདུག

རྒྱ་ནག་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་རྐྱེན་གྱིས་རྒྱ་ནག་དབུས་གཞུང་གི་རྟོག་ཞིབ་འོག་ཡོད་པ། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་བ་དང་། རྒྱ་ནག་རྒྱལ་ཡོངས་ཡར་རྒྱས་དངུལ་ཁང་གི་འགན་འཛིན་ཟུར་བ་ཧུ་ཧའེ་པང་(Hu Huaibang)ལ།རྒྱ་ནག་ཧི་པའེ་(Hebei)ཞིང་ཆེན་གྱི་ཁྲིན་ཏེ་(Chengde)མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཨ་སྒོར་ས་ཡ་ ༡༢ ལྷག་ལྐོག་ཟ་བྱས་ཡོད་པའི་ནག་ཉེས་ར་སྤྲོད་བྱུང་ཡོད་པ་དང་། ཁོང་གི་ཁྲིམས་ཐག་ཉེས་ཆད་རྗེས་སུ་བསྒྲག་རྒྱུ་ཡིན་སྐོར་བཀོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཧུ་ཧའེ་པང་(Hu Huaibang)ལ་ཉེས་འཛུགས་བྱས་པའི་ནང་། ཕྱི་ལོ་ ༢༠༠༩ ལོ་ནས་ཕྱི་ལོ་ ༢༠༡༩ ལོར་བར་དུ་ཁོས་རང་ཉིད་ཀྱི་གོ་གནས་དང་སྤྱི་བའི་ཐོན་ཁུངས་སྤྱད་དེ་གཞན་གྱི་ལས་གནས་སྤར་བ་དང་། བུན་གཡར་གྱི་གྲངས་ཚད་སྤར་བ། ཚོང་གཉེར་བྱེད་དུ་བཅུག་པ་དང་ཚོང་འབྲེལ་དངུལ་ཁང་ཁག་ནས་རྒྱབ་གཉེར་ལེན་པ་སོགས་བྱས་ཏེ། དེ་དག་ལས་ཨ་སྒོར་ས་ཡ་ ༡༢།༢༣ ལྷག་རྔན་པའི་ཚུལ་དུ་ཕྱིར་བླངས་ཡོད་པ་ར་སྤྲོད་བྱས་ཡོད་པ་དང་། མཐའ་མར་ཁོས་ཉེས་པ་ཁས་ལེན་བྱས་ཏེ་འགྱོད་སེམས་སྐྱེ་ཡི་ཡོད་ཚུལ་བརྗོད་ཡོད་པ་དང་།  རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གི་དེ་འབྲེལ་གནས་ཚུལ་ནང་། ཧུ་ཧའེ་པང་གི་གྱོད་དོན་དེ་ནི་རྒྱ་ནག་ཧི་པའེ་(Hebei)ཞིང་ཆེན་གྱི་ཁྲིན་ཏེ་(Chengde)མི་དམངས་འབྲིང་རིམ་ཁྲིམས་ཁང་ནང་ར་སྤྲོད་བྱུང་བ་དང་། ཁྲིམས་ཁང་གི་ཉན་ཞིབ་སྐབས་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ལམ་སྟོན་པ། གསར་འགོད་པ་དང་མི་མང་སོགས་ཁྱོན་མི་གྲངས་ ༣༠ ལྷག་འཛོམས་ཡོད་སྐོར་བཀོད་འདུག

ཧུ་ཧའེ་པང་གིས་ཕྱི་ལོ་ ༢༠༡༣ ལོ་ནས་ ༢༠༡༨ ལོའི་ཟླ་ ༩ བར་དུ་རྒྱ་ནག་རྒྱལ་ཡོངས་ཡར་རྒྱས་དངུལ་ཁང་གི་འགན་འཛིན་གྱི་ལས་གནས་འཁུར་ཏེ་རྒས་ཡོལ་བྱས་ཡོད་པ་དང་། ཟླ་གཅིག་གི་རྗེས་སུ་ལོ་ངོ་ ༡༢ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཀན་སུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་བ་ཝང་སན་ཡུན་(Wang Sanyun)གྱི་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་དང་འབྲེལ་བ་ཡོད་པ་དང་། སྒེར་གྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་དོན་བྱས་པའི་དོགས་གཞིའི་རྐྱེན་གྱིས་རྒྱ་ནག་དབུས་གཞུང་གི་རྟོག་ཞིབ་འོག་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ནང་དམར་ཤོག་ཚོགས་པའི་སྒྲིག་གཞིར་འགལ་འཛོལ་ཆེན་པོ་བྱུང་བར་བསྙད་དེ་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་ལས་འགུལ་སྤེལ་བ་ནས། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ཁྲོད་དུའང་ལྐོག་ཟ་རུལ་སུངས་གནད་དོན་འོག་འཛིན་བཟུང་ཁྲིམས་ཐག་གཅོད་བཞིན་ཡོད་པ་ལྟར། ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གསར་ཁང་གི་གནས་ཚུལ་ནང་། འདས་ལོའི་ནང་རྒྱ་ནག་དབུས་བློན་ཆེན་གཞོན་པའི་ལས་གནས་འཛིན་པའི་ཆེས་མཐོའི་དཔོན་རིགས་ ༢༠ ཙམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ལས་གནས་འདྲ་མིན་གྱི་དམར་ཤོག་ཚོགས་མི་ཁྱོན་ཁྲི་ ༤༩ ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

ད་ལྟ་རང་ལོ་ ༦༤ ཡིན་པའི་ཧུ་ཧའེ་པང་ནི། ཕྱི་ལོ་ ༡༩༩༩ ལོར་ཧྲན་ཞི་དངུལ་རྩིས་དང་དཔལ་འབྱོར་གཙུག་ལག་སློབ་གྲྭ་(Shannxi Institute of Finance and Economics)ནས་འབུམ་རམས་པའི་ལག་ཁྱེར་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་མི་དམངས་དངུལ་ཁང་དུ་ལས་ཀ་བྱས་པ་དང་། ཕྱིས་སུ་རྒྱ་ནག་དངུལ་ཁང་ཁྲིམས་སྒྲིག་ལས་ཁུངས་དང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་འབྲེལ་མཐུད་དངུལ་ཁང་ (Bank of Communications Limited)དུ་ལས་ཀ་བྱས་རྗེས། ལོ་ ༡༠ རིང་རྒྱལ་ཡོངས་ཡར་རྒྱས་དངུལ་ཁང་གི་འགན་འཛིན་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༡

Leave a Reply