ཧོང་ཀོང་རྒྱལ་གྱུར་ཅིག་ཅེས་པའི་མཉམ་འབྲེལ་རྒོལ་གཏམ་བསྒྲཊ།

ཁ་སང་ཕྱི་ཚེས་ ༣༠ ཉིན་ཧོང་ཀོང་སྲིད་གཞུང་གིས་དམངས་གཙོའི་ལས་འགུལ་བ་སློབ་ཕྲུག་ ༤ གློ་བུར་འཛིན་བཟུང་བྱས་ཏེ་ཁ་བྲལ་གྱི་བྱ་འགུལ་སྤེལ་ཡོད་པའི་ཉེས་མིང་གཡོགས་པར་ཧོང་ཀོང་གི་སློབ་ཕྲུག་མཉམ་འབྲེལ་ཚོགས་པ་ཁག་དང་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་རྒོལ་གཏམ་བསྒྲགས་འདུག

སློབ་ཕྲུག་གི་མཉམ་འབྲེལ་བསྒྲགས་གཏམ་ནང་དུ། ཧོང་ཀོང་མི་མང་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་གྱི་ཁ་གཏད་དུ་ལངས་དགོས་པ་དང་། འཛམ་གླིང་གིས་རྒྱ་ནག་གི་རྒྱུག་ཁྱི་ཚོར་བལྟས་བསྡད་ཡོད་པས། ད་ནས་བཟུང་རྒྱ་ནག་གི་རྒྱུག་ཁྱི་ཚོས་ཧོང་ཀོང་ནང་དྲག་གནོན་གྱི་བྱ་སྤྱོད་ག་རེ་སྤེལ་ཡང་སྣང་མེད་དུ་འཇོག་གི་མེད་སྐོར་བརྗོད་འདུག་པ་མ་ཟད། ཧོང་ཀོང་ལ་དབང་བསྒྱུར་དྲག་གནོན་(white Terror)བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

ཡང་མཉམ་འབྲེལ་བསྒྲགས་གཏམ་ནང་། ད་ལྟ་ཀོང་ཧོང་གི་མི་མང་པོ་ཞིག་གིསརྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་མྱོང་གི་ཡོད་པ་གསལ་བོ་རེད། འོན་ཀྱང་། ཨ་རེ་ཤིའི་སྙན་ངག་པ་སཱ་མོལ་བྷག་ཊི་ (Samuel Beckett)ལགས་ཀྱིས་ “ང་མུ་མཐུད་འགྲོ་ཐུབ་ཀྱི་མི་འདུག ང་མུ་མཐུད་འགྲོ་རྒྱུ་ཡིན།” ཞེས་བཤད་པ་ལྟར། ཧོང་ཀོང་མི་མང་གིས་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་སྙིང་སྟོབས་རྒྱུན་སྐྱོང་གིས། འབྱུང་འགྱུར་གྱི་མུན་ནག་ལོ་ཟླའི་ཁྲོད་འཐབ་རྩོད་བྱེད་དགོས་ཀྱི་ཡོད། འདས་པའི་ལོ་ངོ་མང་པོའི་རིང་། ང་ཚོ་གདུག་རྩུབ་ཆེ་བའི་སྲིད་གཞུང་གི་ཁ་གཏད་དུ་ལངས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ངོ་གདོང་དམར་རྗེན་མ་ཕྱི་ལ་བཏོན་པ་དང་། འཐབ་རྩོད་དེ་ནི་ང་ཚོའི་ཚེ་མཇུག་དེ་ཡིན་པ་ལྟར་འཐབ་ཡོད། སྐབས་དེར་རང་དབང་ལྡན་པའི་འཛམ་གླིང་ཧོང་ཀོང་མི་མང་གི་རྒྱབ་ཏུ་ལངས་ཏེ་རྒྱ་ནག་ལ་ཁ་གཏད་བཅགས་ཡོད། རྒྱུན་འཁྱོངས་ནི་དྲག་པོའི་གཞུང་དང་འཐབ་འཁྲུག་གི་རྒྱལ་ཁ་ལེན་ཐབས་གལ་ཆེན་ཞིག་ཡིན་སྟབས། ང་ཚོས་དྲག་གནོན་གྱི་མེ་སྟག་མ་མཆེད་བར་དུ་མུ་མཐུད་རེ་བ་དང་ལྷན་དུ་ཧོང་ཀོང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། ཧོང་ཀོང་རྒྱལ་གྱུར་ཅིག ཅེས་བརྗོད་འདུག

འཛིན་བཟུང་བྱས་པའི་འཐབ་རྩོད་པ་སློབ་ཕྲུག་རྣམས་ནི་རང་ལོ་ ༡༦ ནས་ ༢༡ བར་ཡིན་པའི་ཧོང་ཀོང་དམངས་གཙོའི་འཐབ་རྩོད་པ་རྐྱང་རྐྱང་ཡིན་འདུག་ལ།  ཉེན་རྟོག་པས་སློབ་མ་རྣམས་འཛིན་བཟུང་བྱས་པ་དང་ལྷན་དུ་ཁོ་ཚོའི་གློག་ཀླད་དང་ཁ་པར། ད་དུང་ཡིག་ཆ་མང་པོ་བཙན་འཁྱེར་བྱས་ཡོད་པ་མ་ཟད། སློབ་མ་དེ་དག་གཏའ་དངུལ་ཁག་ཐེག་འོག་ཀློད་གྲོལ་གཏོང་རྒྱུའང་ཁས་ལེན་བྱས་མེད་འདུག ཧོང་ཀོང་གི་ས་གནས་སློབ་ཕྲུག་སྲིད་དོན་ཚོགས་པའི་གནས་ཚུལ་ལྟར་ན། སློབ་ཕྲུག་བཞི་དེ་ནི་ཚོགས་པ་དེའི་ཚོགས་ཟུར་ཊོ་ནེ་ཆཱོན་(Tony Chung)དང་ཚོགས་པའི་མགྲིན་ཚབ་པ་ཟུར་བ་ཧོ་ནོག་ཧན་ (Ho Nok-hang)། ཚོགས་མི་ཟུར་པ་ཡན་ནེ་ཧོ་ (Yanni Ho)དང་ཆན་ཝེ་ཇིན་(Chan Wai-jin)བཅས་ཡིན་འདུགཧོང་ཀོང་གི་ས་གནས་སློབ་ཕྲུག་སྲིད་དོན་ཚོགས་པ་ནི་ཧོང་ཀོང་རང་བཙན་རྩོད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ཟླ་སྔོན་མའི་ཟླ་མཇུག་སྟེ་ཧོང་ཀོང་ནང་ཁྲིམས་གསར་ལག་བསྟར་མ་བྱས་སྔོན་ཚོགས་པ་དེ་མེད་པར་བཟོས་ཡོད་ཀྱང་། ཨ་རི་གཙོས་པའི་ཐའེ་ཝན་དང་ཨོ་གླིང་སོགས་རང་དབང་ལུང་པའི་ནང་ཚོགས་པ་དེར་ཡན་ལག་ཚོགས་པ་བཙུགས་ཏེ། མུ་མཐུད་ཧོང་ཀོང་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ད་རེས་ཚོགས་པ་དེའི་འཐུས་མི་ཟུར་པ་ ༤ འཛིན་བཟུང་བྱེད་དོན་ཡང་ཕྱི་ཕྱོགས་སུ་ཡོད་པའི་ཚོགས་པའི་ངོ་དེབ་སྟེང་ཧོང་ཀོང་རང་བཙན་དང་འབྲེལ་བའི་གནས་ཚུལ་སྤེལ་ཡོད་པར་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག

ཐེངས་འདིའི་གནད་དོན་འདི་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐོང་ཚོགས་པའི་རྒྱ་ནག་ལྟ་ཞིབ་འགན་འཛིན་ (Sophia Richardson)ལགས་ཀྱིས། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དབུས་དང་ཧོང་ཀོང་ས་གནས་སྲིད་གཞུང་ལ་ཁྲིམས་ཆད་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཧོང་ཀོང་གི་འབྲེལ་ཡོད་ལས་བྱེད་ཚོས། བདེ་འཇགས་ཁྲིམས་ཁ་ལ་འཁྱེར་ཏེ་ཧོང་ཀོང་མི་མང་གི་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲགས་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་ལས་རོགས་དང་གྲོས་ཚོགས་འཐུས་མི་ཇིམ་མཱ་གྷོ་ཝར་ (Jim McGovern)ལགས་དང་མར་ཁོ་རོ་བྷེ་ལགས་གཉིས་ནས། ཧོང་ཀོང་སྲིད་གཞུང་གིས་འཛིན་བཟུང་བྱས་པའི་སློབ་མ་ཚོ་ཀློད་གྲོལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནས་དམིགས་བསལ་སྐུ་ཚབ་བསྐོ་བཞག་གིས་ཧོང་ཀོང་ནང་ལྟ་ཞིབ་དགོས་པའི་འབོད་སྐུལ་གནང་འདུག་ལ། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གཞུང་གིས་ཁྲིམས་གསར་ལག་བསྟར་གྱིས་ལས་འགུལ་བ་འཛིན་བཟུང་བྱས་ཏེ་དྲང་བདེན་མིན་པའི་ཁྲིམས་ཐག་གཅོད་སྲིད་པའི་སྐྱོན་བརྗོད་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༧/༣༡

Leave a Reply