སྲིད་ཟུར་ལི་ཏུན་ཧེ་མཆོག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏུན་ཧེ་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ།དེ་རིང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་མི་མང་གིས་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་འཛིན་ཐོག་མ་སྐུ་ཞབས་ལི་ཏུན་ཧེ་ (Lee Teng-hui) མཆོག་སྐུ་གྲོངས་བར་ དམ་པ་ཁོང་གི་སྐུ་ཟླ་ཚེང་ཝན་ཧུའེ་ (Tseng Wen-hui) ཡི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ཁྱེད་ཀྱིས་མཁྱེན་གསལ་ལྟར། ཁོང་ཐེ་ཝན་མི་མང་གིས་བརྩི་བཀུར་ཆེན་པོས་ཐོག་མར་འོས་འདེམས་ཀྱིས་སྲིད་འཛིན་གནང་བཞིན་པའི་སྐབས་ཏེ། ཕྱི་ལོ་ ༡༩༩༧ ལོར་ངོས་ཐེ་ཝན་དུ་ཐོག་མར་སླེབས་ཏེ་དངོས་སུ་མཇལ་བའི་སྐལ་བ་བྱུང་ཞིང་། དེའི་རྗེས་སུའང་ཐེ་ཝན་ནང་དང་། ཞི་བདེའི་ལྷན་ཚོགས་སོགས་སུ་མཇལ་ཕྲད་བྱུང་ལ། ངོས་སྒེར་གྱི་གྲོགས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། ཁོང་གིས་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་ཡར་རྒྱས་ལ་རྨད་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད་ལ། དེང་སྐབས་ཐེ་ཝན་ནི་སྲོལ་རྒྱུན་གྱི་རིག་གཞུང་ཕྱུག་པོ་ཡོད་པའི་ཐོག་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་མང་གཙོའི་ཡུལ་ལུང་ཞིག་ཏུ་གྱུར་ཡོད། ང་ཚོའི་ངོས་ནས་བཀའ་དྲིན་རྗེས་དྲན་ལེགས་ཤོས་ནི་ཁོང་གི་སྙིང་སྟོབས་དང་ཆོད་སེམས་རྗེས་སུ་དྲན་པའི་སྒོ་ནས། མང་གཙོའི་ཆེད་དུ་བློས་གཏོང་གནང་བའི་མཛད་བཟང་གི་རྗེས་སུ་འཇུག་རྒྱུ་དེ་ཡིན། ཞེས་དང་། མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོས། “སྲིད་འཛིན་ཟུར་པ་ལེ་ཏིང་ཧུའི་ནི་བོད་མིའི་འཐབ་གྲོགས་ཤིག་དང་། བོད་མིར་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན། ཞེས་གསུངས་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཐུགས་གསོ་ཞུས་པའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཏུན་ཧེ་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྟེ། བོད་དང་ཐའེ་ཝན་མི་མང་དབར་ལོ་རྒྱུས་རང་བཞིན་ལྡན་པའི་གདུང་སེམས་མཉམ་སྐྱེད་ཀྱི་འབྲེལ་ལམ་གསར་པ་ཞིག་བསྐྲུན་ཡོད། དམ་པ་དེ་ཉིད་ཕུགས་བསམ་ཅན་དང་དཔལ་འབྱོར་རིག་པ་བ་ཞིག་ཡིན་པ་མ་ཟད། ཐའེ་ཝན་རྒྱལ་ཁབ་དེ་བཞིན་མང་གཙོ་ཅན་ལ་བསྒྱུར་བར་བརྟེན་སྐུ་ཞབས་མང་གཙོ་ཞེས་མཚན་སྙན་ཐོབ་ཡོད། ཅེས་བཀོད་འདུགཡང་ཁོང་གིས་མུ་མཐུད།  ཕྱི་ལོ་ ༡༩༩༦ ལོར་ཐའེ་ཝན་མི་མང་གིས་ཐད་ཀར་འོས་ཤོག་བླུགས་ཏེ་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཞབས་ལེ་ཏིང་ཧུའི་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཐའེ་ཝན་རྒྱལ་ཁབ་དེ་བཞིན་དྲག་པོའི་ཁྲིམས་གཞི་ལས་མང་གཙོ་ཆ་ཚང་ལྡན་པའི་རྒྱལ་ཁབ་ཅིག་ལ་བསྒྱུར་ཡོད། ལོ་རྒྱུས་ཀྱི་ཐོག་ནས་དུས་རྟག་ཏུ་དམ་པ་དེ་ཉིད་ཐའེ་ཝན་རྒྱལ་ཁབ་ཀྱི་མང་གཙོ་སྲོལ་གཏོད་པ་པོའི་ཡབ་ཆེན་དུ་དྲན་གསོ་ཞུ་ངེས་ཡིན། དམ་པ་དེ་ཉིད་ཀྱི་མཛད་རྗེས་ཀྱིས་མུ་མཐུད་ང་ཚོར་སེམས་ཤུགས་བསྐྱེད་ངེས་རེད། ཅེས་གསུས་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་ཐུགས་གསོའི་ནང་། ཐའེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཏིན་ཧེ་མཆོག་སྐུ་གཤེགས་པ་དེས་ཐའེ་ཝན་གཞུང་མང་གཉིས་ལ་གྱོང་གུད་ཆེན་པོ་ཕོག་པ་ཙམ་མ་ཟད། བོད་རིགས་ཡོངས་ལའང་དེ་ལྟར་གྱོང་གུད་ཕོག་ཡོད། ཅེས་དང་། ཁོང་གི་རྒྱབ་སྐྱོར་འོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བོད་མིའི་སྒྲིག་འཛུགས་ཀྱིས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་བཙུགས་ཐུབ་ཡོད། ང་ཚོས་ཐའེ་ཝན་སྲིད་འཛིན་དམ་པ་སྐུ་ཞབས་ལེ་ཏིན་ཧེ་དང་། ཐའེ་ཝན་གཞུང་མང་གཉིས་ནས་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་རྣམས་དུས་རྟག་ཏུ་དྲན་བཞིན་ཡོད། ཅེས་གསུངས་ཏེ་དམ་པ་ཁོང་གི་ནང་མི་ཡོངས་ལ་ཐུགས་གསོ་གནང་འདུག་ལ། དམ་པ་ཁོང་གིས་ཐའེ་ཝན་དེ་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཆེ་མཐོང་ཡོད་པའི་རྒྱལ་ཁབ་ཅིག་བཟོ་རྒྱུའི་ཕུགས་འདུན་བཅངས་པ་ཡིས། ད་ཆ་ཐའེ་ཝན་ནི་རྒྱལ་ཁབ་གཞན་དང་ལྷན་དཔུང་པ་མཉམ་གཤིབས་ཐོག་གནས་བཞིན་ཡོད་པ་དང་། བོད་མི་ཚོར་མུ་མཐུད་སེམས་ཤུགས་སྤར་ངེས་ཡིན་སྐོར་གསུངས་འདུགཁ་སང་ཕྱི་ཚེས་ ༣༠ ཉིན་ཐའེ་ཝན་གྱི་དགོང་མོའི་ཆུ་ཚོད་ ༧ ཡོལ་དུ་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཀ་བ་ལྟ་བུར་གྱུར་བའི་སྐུ་ཞབས་ལི་ཏུན་ཧེ་མཆོག་དགུང་གྲངས་ ༩༧ ཐོག་ནད་མནར་གྱི་རྐྱེན་པས་སྐུ་གྲོངས་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་དམ་པ་དེ་ཉིད་སྲིད་འཛིན་ལས་ཐོག་ཡིན་པའི་སྐབས་སུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེངས་དང་པོར་ཐའེ་ཝན་ནང་གདན་ཞུ་གནང་རྗེས། ཕྱི་ལོ་ ༢༠༠༡ ལོར་དམངས་གཙོ་ཡར་སྐུལ་ཚོགས་པའི་ (Democratic Progressive party) གཞུང་སྟེ། སྲིད་འཛིན་ཁྲིན་ཧྲུ་པིན་ (Chen Shui-bian) མཆོག་གི་སྐབས་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་གྱི་གོ་མིན་ཏང་ཚོགས་པའི་གཞུང་སྟེ་སྲིད་འཛིན་མཱ་ཡུན་ཇོའུ་ (Ma Ying-jeou) མཆོག་གི་སྐབས་བཅས་སུ་གདན་འདྲེན་ཞུས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༡

Leave a Reply