ཧོང་ཀོང་གི་འོས་བསྡུ་ལོ་གཅིག་ཕར་འགྱང་བྱས།

ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལེམ་གྱིས་ཡུལ་དེའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ལོ་གཅིག་ཕར་འགྱང་བྱས་ཏེ་དུས་ཡུན་དེའི་རིང་གི་ཁྲིམས་སྒྲིག་གི་གནད་དོན་རྣམས་རྒྱ་ནག་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ནས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་པར་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུགཁ་སང་ཕྱི་ཚེས་ ༣༡ ཉིན་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་ཁེ་རི་ལེམ་གྱིས་ཏོག་བྱིབས་གཉན་རིམས་ལ་ཁག་བཀྲིས་ཏེ། ཧོང་ཀོང་སྤྱི་ཁྱབ་ཀྱི་ཛ་དྲག་དབང་ཚད་ (Emergency Regulations Ordinance) འོག འདི་ལོའི་ཕྱི་ཟླ་ ༩ པའི་ནང་བསྡུ་གཏན་ཁེལ་བའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ། ལོ་རྗེས་མའི་ཕྱི་ཟླ་ ༩ ཚེས་ ༥ བར་ཕར་འགྱངས་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༦ ནས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༥ བར་གྱི་ཧོང་ཀོང་གི་ཁྲིམས་སྒྲིག་གནད་དོན་རྣམས་རྒྱ་ནག་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ནས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ལས་ཐོག་འཐུས་མི་རྣམས་ཀྱི་ལས་ཡུན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ ནས་རྫོགས་ཀྱི་ཡོད་འདུག

རྒྱ་ནག་དབུས་གཞུང་གིས་ཐག་གཅོད་དེར་རྒྱབ་སྐྱོར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། འོས་བསྡུ་ཕར་འགྱངས་ཀྱི་སྟོང་ཆའི་སྐོར་དེ་དམངས་ཆེན་འཐུས་མིའི་རྒྱུན་ལས་ངོས་ནས་ཐག་གཅོད་བྱ་རྒྱུར་རེ་སྐུལ་ཞུས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༡ བར་གནད་དོན་དེའི་སྐོར་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོང་རྒྱུ་ཡིན་སྐོར་བརྗོད་འདུག ཡང་རྒྱ་ནག་གི་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གིས། དགོས་ངེས་ཀྱི་ཐག་གཅོད་དེས། ཧོང་ཀོང་གཞུང་གིས་རང་གི་སྤྱི་དམངས་ཀྱི་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་འཁུར་བྱེད་ཀྱིན་ཡོད་པ་མཚོན་ཡོད་སྐོར་བརྗོད་འདུགགསར་འགོད་གསལ་བསྒྲགས་སྟེང་ཁེ་རི་ལེམ་གྱིས། འོས་བསྡུ་ཕར་འགྱང་བྱ་རྒྱུ་དེ་ནི་ཏོག་བྱིབས་གཉན་རིམས་དང་འབྲེལ་བའི་ཐག་གཅོད་ལྕི་ཤོས་དེ་ཡིན་པ་དང་། དེར་ཆབ་སྲིད་ཀྱི་གཡོ་བྱུས་གང་ཡང་མེད་པ། གཉན་རིམས་བསྐྱར་ལོག་གི་དུས་སྐབས་འདིར་སྤྱི་དམངས་ཀྱི་འཕྲོད་བསྟེན་ལ་འགན་སྲུང་བྱ་དགོས་པ་མ་ཟད། འོས་བསྡུ་ཡང་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་ཐབས་བྱ་དགོས་སྐོར་བརྗོད་འདུག་ལ། ཁོ་མོ་སྒེར་གྱི་བསམ་ཚུལ་ལ་ད་ལྟའི་གྲོས་ཚོགས་འཐུས་མི་རྣམས་མུ་མཐུད་བསྡད་ན་ལེགས་པོ་ཡོད་ཀྱང་། དེ་ནི་དམངས་ཆེན་འཐུས་མིའི་རྒྱུན་ལས་ཀྱིས་ཐག་གཅོད་བྱ་རྒྱུའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གཙོས་པའི་ཁ་གཏད་སྲིད་དོན་ཚོགས་པ་མང་པོས། ཁེ་རི་ལེམ་གཞུང་གི་གློ་བུར་བའི་ཐག་གཅོད་དེ་ནི། དམངས་གཙོའི་ལས་འགུལ་དང་རྒྱབ་སྐྱོར་བ་རྣམས་གྲོས་ཚོགས་འཐུས་མིར་འོས་འདེམས་མི་ཡོང་བའི་ཆེད་དུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་མ་ཟད། ཁེ་རི་ལེམ་གྱིས་འོས་བསྡུ་ཕར་འགྱང་མ་བྱས་སྔོན་ཏག་ཏག་དེར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་གྲོས་ཚོགས་འཐུས་མི་ ༢༢ ཀྱིས་མཉམ་འབྲེལ་སྒོས། ད་ཐེངས་འོས་བསྡུ་ཕར་འགྱངས་བྱས་ཚེ། དེས་ཧོང་ཀོང་གྲོང་ཁྱེར་གྱི་གཞི་རྩའི་སྒྲོམ་གཞི་གཏོར་བརླག་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། རྒྱ་ནག་དབུས་གཞུང་ལ་ཐེ་བྱུས་བྱ་རུ་འཇུག་རྒྱུ་དེ་ནི་ཧོང་ཀོང་གི་ཁྲིམས་ཀྱི་དབང་བསྒྱུར་རྨེག་མེད་དུ་བཏང་བ་ཡིན་སྐོར་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུགPress Conferenceཁ་སང་འོས་བསྡུ་ཕར་འགྱང་གི་གསལ་བསྒྲགས་བྱས་རྗེས། ཧོང་ཀོང་གི་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་གཞིར་བཟུང་། ཧོང་ཀོང་ནས་ཕྱི་རྒྱལ་དུ་བཙན་བྱོལ་དུ་སོང་བའི་དམངས་གཙོའི་ལས་འགུལ་བ་ ༦ འཛིན་བཟུང་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་དང་། དེའི་ནང་ཉེ་ཆར་དབྱིན་ཡུལ་ལ་བྲོས་བྱོལ་དུ་སོང་བའི་ཧོང་ཀོང་གི་ཆར་གདུགས་ལས་འགུལ་གྱི་སྣེ་ཁྲིད་པ་ན་ཐན་ལཱའོ་ ( Nathan Law) དང་། འདས་ལོར་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཧོང་ཀོང་དུ་ཡོད་པའི་དབྱིན་ཡུལ་གཞུང་ཚབ་ཁང་གི་ལས་བྱེད་སི་མོན་ཁྲིན་ (Simon Cheng)། གཞན་ཡང་ད་ལྟ་ཨ་རིའི་མི་སེར་ཡིན་ཞིང་། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཧོང་ཀོང་གི་དམངས་གཙོའི་ལྷན་ཚོགས་ཞེས་པའི་ཚོགས་པ་གཙོ་གཉེར་བྱེད་མཁན་སེ་མུལ་ཁྲུ་ (Samuel Chu)། དེ་བཞིན་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་རེ་ཝོང་ (Ray Wong) དང་ལའུ་ཧོང་ (Lau Hong)། ཝེ་ནེ་ཁྲན་ (Wayne Chan) བཅས་ཡིན་འདུག་ལ། ན་ཐན་ལཱའོ་ཡིས་ང་འཛིན་བཟུང་བྱེད་དགོས་པའི་ཉེས་པ་གང་ཡང་བསགས་མེད། ང་ལ་ནག་ཉེས་ཤིག་ཡོད་ན་ཧོང་ཀོང་ལ་ཧ་ཅང་བརྩེ་འདང་ཡོད་པ་དེ་ཡིན་སྲིད་ཅེས་བརྗོད་འདུག ཧོང་ཀོང་གཞུང་གི་ཐག་གཅོད་དེར་འཇར་མ་ནིའི་ཕྱི་སྲིད་བློན་ཆེན་ཧེ་ཀོ་མཱ་སི་ (Heiko Maas) ལགས་ཀྱིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཧོང་ཀོང་གཞུང་གིས་ཁ་གཏད་འོས་མི་སྐོར་ཞིག་རྩིས་མེད་བཏང་བ་དང་། འོས་བསྡུའི་དུས་ཚོད་ཕར་འགྱངས་བྱས་པ་དེ་ནི། ཧོང་ཀོང་མི་སེར་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་བརྗོད་དེ། འཇར་མན་ནི་དང་ཧོང་ཀོང་བར་བཞག་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་དེ་རྩིས་མེད་གཏང་རྒྱུ་ཡིན་སྐོར་བསྒྲགས་ཡོད་སྟབས། འཇར་མ་ནིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ཕྱི་འབྲེལ་སྒྲིག་ལམ་རྩིས་མེད་ཀྱིས། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཚབས་ཆེན་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་ངོས་ནས་དེར་ཡ་ལན་སློག་རྒྱུ་ཡིན་སྐོར་གྱི་རྒོལ་གཏམ་སྤེལ་འདུགའདས་པའི་བདུན་ཕྲག་འགའི་རིང་ཨོ་གླིང་དང་། ཁེ་ན་ཌ། དབྱིན་ཡུལ། ནེའུ་ཛི་ལེན་ཌི་བཅས་ཀྱིས་ཀྱང་ཧོང་ཀོང་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་བཏང་ཡོད་ཅིང་། ཨ་རིས་ཀྱང་གང་མགྱོགས་ཆིངས་ཡིག་དེ་རྩིས་མེད་གཏོང་འཆར་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག

ཁེ་ཉིན་ཕྱི་ཚེས་ ༣༠ ཉིན་ཧོང་ཀོང་གི་འོས་བསྡུ་ལས་ཁང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་ཟེར་བ་གཞིར་བཟུང་། གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ཞུགས་པའི་དམངས་གཙོ་དོན་གཉེར་བའི་འཐུས་མི་དང་ན་གཞོན་ལས་འགུལ་བ་ ༡༢ རྩིས་མེད་བཏང་ཡོད་པ་དེ་དང་། ད་ཐེངས་ཏོག་བྱིབས་གཉན་རིམས་ལ་ཁ་གཡར་ནས་འོས་བསྡུ་ལོ་གཅིག་བར་ཕར་འགྱངས་བྱས་པ་དེས། ཧོང་ཀོང་གཞུང་གིས་དམངས་གཙོའི་སྡེ་ཁག་ལ་མངོན་ལྐོག་གཉིས་ཀྱི་ཐོག་ནས་གནོན་ཤུགས་སྤྲོད་བཞིན་པའི་རྣམ་པ་གསལ་པོ་ཐོན་ཡོད་ཅིང་། ཁ་གཏད་སྲིད་དོན་ཚོགས་པ་དང་ལས་འགུལ་བ་མང་པོས་འདས་པའི་ཟླ་ཤས་རིང་། ཧོང་ཀོང་ལས་གནས་སྟངས་སྡུག་པའི་རྒྱལ་ཁབ་དང་ས་ཁུལ་ ༤༠ ལྷག་གིས་འོས་བསྡུ་ལེགས་པར་གྲུབ་ཡོད་སྐོར་བརྗོད་ཡོད། དེ་ཡང་ཏོག་བྱིབས་གཉན་རིམས་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་དུས་སྐབས་སུ། སིང་གྷ་པུར་དང་། ཧྥ་རན་སི། ལྷོ་ཀོ་རི་ཡ་སོགས་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་ཀྱིས་མཚོན་པའི་ཐབས་བྱུས་བརྒྱུད་འོས་བསྡུ་ཆེ་ཆུང་མི་ཉུང་བ་ཞིག་བྱས་ཡོད་པ་རེད།

ཧོང་ཀོང་གི་སྤྱི་ཁྱབ་མ་ཁེ་རི་ལེམ་གྱིས་འདས་པའི་ལོ་གཅིག་ཁོ་ནའི་ནང་དམིགས་བསལ་ཛ་དྲག་དབང་ཚད་ཐེངས་གཉིས་བཀོལ་སྤྱོད་བྱས་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་རྒོལ་ལས་འགུལ་གྱི་གནས་སྟངས་ཛ་དྲག་ཡིན་པའི་སྐབས་དེར། མོས་ལས་འགུལ་བ་རྣམས་ཀྱིས་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་སྒྲིག་ལག་བསྟར་བྱས་ཡོད་པ་རེད། ཧོང་ཀོང་གི་གྲོས་ཚོགས་ནང་ཁྱོན་འཐུས་མིའི་ཞབས་བཀྱག་ ༧༠ ཡོད་པའི་ཁྲོད་ནས། རྒྱ་ནག་གི་སྲིད་བྱུས་ཕྱོགས་གཏོགས་ཚོང་དོན་གྱིས་མཚོན་པའི་དམིགས་བསལ་སྡེ་ཁག་ལ་ཞབས་བཀྱག་ ༣༠ དང་།  གྲོང་སྡེ་ལྷན་ཚོགས་ལ་ཞབས་བཀྱག་ ༥།  དེའི་རྗེས་ཀྱི་ལྷག་འཕྲོ་ཞབས་བཀྱག་ ༣༥ དེ་མི་མང་རང་གིས་ཐད་ཀར་འདེམས་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༠༡

Leave a Reply