ཁྱིམ་སྡོད་རིང་གསར་འགོད་པ་ ༥༥ ལ་བཀག་ཉར་ཉེས་འཛུགས་བྱས།

འདི་ལོའི་ཁྱིམ་སྡོད་བཀའ་རྒྱའི་རིང་རྒྱ་གར་གྱི་གསར་འགོད་པ་ ༥༥ ལ་ཉེས་འཛུགས་དང་གཅར་རྡུང་། བཀག་ཉར་སོགས་བྱས་ཡོད་པའི་གནས་ཚུལ་ཐོན།ཁ་སང་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་གྷར་ཌིན་གསར་ཁང་ (The Guardian) གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནས་མཆེད་པའི་ཏོག་བྱིབས་གཉན་རིམས་འགོས་ཁྱབ་སྔོན་འགོག་ཆེད་རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་བསྡམས་པའི་རིང་། རྒྱ་གར་ནང་གསར་འགོད་པ་ ༥༥ ཙམ་འཛིན་བཟུང་བྱས་པའམ་ཉེན་རྟོག་པར་རྩིས་སྤྲོད། དེ་བཞིན་ཉེས་འཛུགས་གཅེར་རྡུང་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་ནང་ཏོག་བྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེ་རུ་ཕྱིན་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༥ ཉིན་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཡོད་པ་དང་། བཀའ་རྒྱ་མ་བསྡམས་གོང་ཙམ་དུ་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་བརྙན་ལམ་བརྒྱུད་རྒྱ་གར་གྱི་གསར་ཁང་ཆེ་ཁག་ ༢༠ ཙམ་གྱི་བདག་པོ་དང་རྩོམ་སྒྲིག་པར་དཀྲོགས་གཏམ་དང་དགག་བྱ་ཆེ་བའི་གནས་ཚུལ་ལ་གདོང་ལེན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་རེད།

གསར་ཁང་དེའི་གནས་ཚུལ་ནང་། ཧི་མ་ཅལ་མངའ་སྡེའི་ཧིན་རྡུའི་ཉིན་རེའི་གསར་འགྱུར་ (Hindi daily) གི་གསར་འགོད་པ་ཨོམ་ཤར་མ་ (Om Sharma) ཡིས། ངོ་དེབ་བརྒྱུད་མངའ་སྡེ་གཞན་ནས་ཡོང་བའི་ངལ་རྩོལ་བ་མང་པོ་ཞིག་རང་ཁྱིམ་དུ་འགྲོ་སྐྱོད་མ་ཐུབ་པར་ལྷག་སྟེ། ཟ་འཐུང་གི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཐད་གཏོང་བྱས་རྐྱེན།  ཉེན་རྟོག་པས་གནས་ཚུལ་རྫུན་བསྒྲགས་དང་། སྲིད་གཞུང་གི་བཀའ་ཁྱབ་ལ་རྩིས་མེད་བཏང་བའི་ཉེས་འཛུགས་བྱས་ཡོད་སྐོར་དང་། ཨོམ་ཤར་མ་ཡིས་ཉེས་འཛུགས་དེའི་བསྟན་དོན་ནི་ང་ཚོས་གཞུང་གི་ཞན་ཆ་ཕྱིར་འདོན་མི་ཆོག་པ་དེ་རེད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ ནང་གསར་འགོད་སྲུང་སྐྱོབ་ལྷན་ཚོགས་ཀྱིས་ཧི་མ་ཅལ་མངའ་སྡེ་གཞུང་ལ་སྙན་ཞུ་ཞིག་ཕུལ་བར་བརྟེན། མངའ་སྡེའི་བློན་ཆེན་མཆོག་གིས་ཨོམ་ཤར་མ་ (Om Sharma) སོགས་ས་གནས་ཀྱི་གསར་འགོད་པ་ ༦ ལ་ཉེས་འཛུགས་བྱས་པའི་གྱོད་དོན་རྩིས་མེད་བཟོས་པ་བསྒྲགས་ཡོད་པ་དང་། ཕྱི་ཟླ་ ༤ ནང་རྒྱ་གར་བྱང་རྒྱུད་ཇ་མུ་ཀཱ་ཤི་མིར་ (Jammu Kashmir) མངའ་སྡེའི་ནང་གསར་འགོད་པ་མ་ཤི་ཏཱག་ཨག་མེཌ་གྷ་ནའེ་ (Mushtaq Ahmed Ganai) ཡིས་ཁྱིམ་སྡོད་བཀའ་རྒྱ་སྐབས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། ཉེན་རྟོག་པས་འགྲམ་ལྕག་ཞུས་པ་དང་དབྱུག་པས་གཅར་རྡུང་བཏང་རྗེས་ཆུ་ཚོད་ ༢༤ ལྷག་གི་རིང་བཀག་ཉར་བྱས་པའི་གནས་ཚུལ་སོགས་རྒྱ་གར་རྒྱལ་ཡོངས་སུ་གསར་འགོད་པ་འཛིན་བཟུང་དང་གཅེར་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་འདུག

སྨྲ་བརྗོད་རང་དབང་སྤྱི་མཐུན་ཚོགས་པའི་ (Free Speech Collective) ཚོགས་མི་གྷི་ཏཱ་སེ་ཤུ་ (Geeta Seshu) ཡིས། ཁྱིམ་སྡོད་བཀའ་རྒྱ་བསྡམས་པར་བརྟེན་གསར་འགོད་རང་དབང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ཏོག་བྱིབས་གཉན་རིམས་ཁྱབ་གདལ་དུ་འགྲོ་བའི་སྐབས་སུ་སྲིད་གཞུང་གིས་ཁོར་ཡུག་དང་མེ་འཁོར་ལྕགས་ལམ་སོགས་དང་འབྲེལ་ནས་གལ་གནད་ཆེ་བའི་སྲིད་བྱུས་མང་པོ་ཞིག་བཟུང་ཡོད་ནའང་། གསར་ཁང་མང་པོ་ཞིག་གིས་ཐག་གཅོད་བྱས་པའི་སྲིད་བྱུས་དེ་དག་ལ་བསྐྱར་ཞིབ་བྱེད་ཐུབ་མེད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༥ ནང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསར་འགོད་རང་དབང་དང་འབྲེལ་འཛམ་གླིང་གི་རྒྱལ་ཁབ་གྲངས་ ༡༨༠ ནང་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་། རྒྱ་གར་ནི་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཨང་ ༡༤༢ པ་དེ་ཡིན་སྐོར་བཀོད་ཡོད་པ་དང་། དེ་མ་ཐག་རྒྱ་གར་གྱི་གནས་ཚུལ་དང་རྒྱང་སྲིང་ལྷན་ཁང་ (Information and Broadcasting Ministry) གི་བློན་ཆེན་སྐུ་ཞབས་པར་ཀཱ་ཤི་ཇ་ཝ་ཌི་ཀར་ (Prakash Javadekar) ལགས་གྱིས་ཊུ་ཝེ་ཊར་སྟེང་། རྒྱ་གར་ནང་གི་གསར་ཁང་ཁག་ལ་གསར་འགོད་ཀྱི་རང་དབང་ཤུགས་ཆེན་ཡོད་པ་དང་། མི་འགྱངས་བར་ང་ཚོས་རྒྱ་གར་ནང་གསར་འགོད་རང་དབང་ཞན་པའི་སྣང་བརྙན་བསྐྲུན་པའི་སྙན་ཐོ་དེ་དག་ཐེར་འདོན་བྱ་རྒྱུ་ཡིན། ཞེས་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༠༡

Leave a Reply