འཁྱོག་པ་ཡོ་བསྲངས། རབ་རིབ་བསལ་དྭངས།  

སངས་རྒྱས་ཟ་བ། བོད་ཀྱི་གྲོང་སྡེ་ཞིག་གི་འཆི་གསོན་ཞེས་པའི་དཔེ་དེབ་བམ་ཀློག་ཙམ་བྱས་པ།

ཨ་འབྲུག་དཀོན་མཆོག

 དཔེ་དེབ་འདིའི་རྩོམ་པ་པོ་བྷར་བྷ་རཱ་སྒྲའེ་མེཀ(Barbara Demick) ནི།  ཨ་རིའི་གསར་འགོད་པ་དང་རྩོམ་པ་པོ།  རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ལོ་སི་ཨན་འཇི་ལའི་དུས་བབ་ཀྱི་གནས་བསྡུ་ལས་ཁང་གི་འགན་འཛིན་བཅས་ཡིན་འདུག འདས་པའི་ལོ་ངོ་དུ་མའི་རིང་ཁོ་མོས་དམ་དྲག་ཆེ་བའི་ས་ཁུལ་དང་། ཛ་དྲག་ཆེ་བའི་དམག་སའི་གནས་ཚུལ་རྨང་གཞིར་བཟུང་ནས་གནས་འཕྲིན་དང་། རྩོམ་དེབ་དུ་མ་འབྲི་རྩོམ་བྱས་པར་རྒྱལ་སྤྱིའི་ཁྱོན་ནས་གནས་རིམ་མི་འདྲ་བའི་བྱ་དགའ་མང་པོ་ཐོབ་པ་དང་།  སྐད་གྲགས་ཆེ་བའི་བྱང་ཀོ་རི་ཡིའི་རྒྱུན་ལྡན་འཚོ་བའི་སྐོར་གྱི་དཔེ་དེབ་ Nothing to Envy ཞེས་པའང་ཁོ་མོས་བྲིས་པ་རེད། ཁོ་མོས་ཉེ་ཆར་ Eat the Buddha: Life and Death in a Tibetan Town <<སངས་རྒྱས་ཟ་བ། བོད་ཀྱི་གྲོང་སྡེ་ཞིག་གི་འཆི་གསོན་>>ཞེས་བོད་མདོ་སྨད་རྔ་བ་ས་ཁུལ་གྱི་ཉེ་བའི་གནས་བབ་སྐོར་ནས་དཔེ་དེབ་ཞིག་བརྩམས་འདུག

 སངས་རྒྱས་ཟ་བ་ཞེས་པའི་དཔེ་དེབ་འདིའི་ནང་དོན་ཐད། ཕྱི་ལོ ༡༩༣༠ ནས་ ༢༠༢༠ བར་སྟེ་ཁྱོན་མི་ལོ་དགུ་བཅུ་ཙམ་གྱི་རིང་། བོད་ཤར་ཕྱོགས་མདོ་སྨད་རྔ་བ་ས་ཁུལ་དུ་བྱུང་བའི་ཆབ་སྲིད་ཀྱི་དོན་རྐྱེན་དང་འབྲེལ་བའི་བྱུང་སྤྱི་དང་། དེ་དག་གི་རྒྱབ་ལྗོངས། དོན་རྐྱེན་དེ་དག་ས་ཁུལ་དེའི་མི་སྒེར་གྱི་མི་ཚེ་དང་། བོད་སྤྱིའི་སྲིད་དོན་གནས་བབ་ལ་ཉེ་རྒྱང་ནས་ཇི་ལྟར་འབྲེལ་ཚུལ་བཅས་རུས་སྒྲོམ་དུ་བཟུང་ཞིང་།  དུས་སྐབས་སོ་སོའི་ཆབ་སྲིད་ཀྱི་རླུང་འཚུབ་ཁག་གིས་ཁ་ཕྱོགས་བསྒྱུར་བའི་ས་ཁུལ་དེའི་འཚོ་བའི་ཕྱོགས་ངོས་སོ་སོའི་ཁ་དོག་དང་སེམས་ཚོར་རྣམས་ཤ་ཁྲག་ཏུ་བྱས་ཏེ་རྔ་བ་ས་ཁུལ་གྱི་དཀའ་ཉེན་དང་འཐབ་རྩོད་ཀྱི་བྱུང་རིམ་གསོན་པོ་དག་རེད།

དཔེ་དེབ་འདི་འབྲི་སྟངས་ཀྱི་ཆ་ནས་ཡིག་ཚགས་དང་དྲ་ལམ་ཙམ་ལ་བརྟེན་པ་མ་ཡིན་པར། རྔ་བ་ས་ཁུལ་གྱི་དུས་སྐབས་སོ་སོའི་ཆབ་སྲིད་ཀྱི་དོན་རྐྱེན་དག་ལ་དངོས་སུ་ཞུགས་པའི་མི་སྣ་དག་ལ་ཉེ་བཅར་རྒྱུས་ལོན་དང་། རྩོམ་པ་པོ་མོ་རང་སྐབས་དུ་མར་ཆེད་བསྐྱོད་ཀྱིས་ཕྱོགས་ཡོངས་ནས་རྩད་ཞིབ་དང་། རྒྱུས་ལོན་བྱུང་བའི་གནས་ཚུལ་དག་ལས། དཔོན་ཚང་དང་དགོན་སྡེ། རུ་སྡེ་དང་སློབ་གྲྭ་བཅས་སྡེ་ཁག་དང་མི་སྣ་དམིགས་བསལ་བ་སྐོར་ཞིག་གཙོ་སྙིང་དུ་བཟུང་སྟེ། སྤྱི་ཡོངས་ཀྱི་རྒྱབ་ལྗོངས་འོག་བྱེ་བྲག་གི་བྱུང་བ་གསལ་ཞིང་།  བྱེ་བྲག་གི་བྱུང་བ་དག་སྤྱི་ཡོངས་ཀྱི་རྒྱབ་ལྗོངས་སུ་སྦྲེལ་ཏེ། དུས་རབས་གཅིག་ལ་ཉེ་བའི་རིང་གི་རྔ་བ་ས་ཁུལ་གྱི་དཀའ་ཉེན་ཆེ་བའི་བྱུང་རབས་དང་གནས་བབ་ཀྱི་སྤྱི་དབྱིབས་ཆེན་པོ་ཞིག་མངོན་བཞེངས་བྱས་འདུག

དཔེ་དེབ་འདིས་བདག་ལ་བཞག་པའི་ཐོག་མའི་བག་ཆགས་ནི། རྩོམ་པ་པོ་མོ་རང་གསར་འགོད་པ་ཞིག་ཡིན་པའི་ཆེད་ལས་ཀྱི་ངོས་ནས། དོན་རྐྱེན་གང་ཞིག་གང་ནས་ཇི་ལྟར་སུ་དང་འབྲེལ་ཏེ་ཅིའི་ཕྱིར་བྱུང་བའི་རྒྱུན་ཐག་ལ་འཇུས་ནས་ཁུངས་འདེད་རྩད་ཞིབ་དང་། ལོ་རྒྱུས་ཀྱི་བྱུང་བ་དག་ལོ་ཚིགས་ལ་ཁེན་ནས་རྒྱུན་བསྲིངས་པ་ཙམ་མ་ཡིན། བྱུང་བ་སྔ་ཕྱིའི་འབྲེལ་བ་དག་མངོན་ལྐོག་ཅི་རིགས་ནས་སྦྲེལ་བའི་སྒྲིག་གཞི་དམིགས་བསལ་ཅན་གྱི་རྩོམ་ཐབས་སྤྱད་པས། དཔེ་དེབ་འདིས་ང་ཚོར་བྱུང་བ་ཞིབ་བརྗོད་ཙམ་མ་ཡིན་པར་བྱུང་བ་ངོ་མའི་ནང་དུ་ཁྲིད་དེ་མྱོང་ཚོར་དང་བཅས་ཏེ་ངེས་ཤེས་འདྲེན་དུ་འཇུག་པ་རེད།  ང་ལ་སྣང་བ་དེ་འདྲ་བྱུང་།

རྩོམ་པ་པོ་བྷར་བྷ་རཱ་སྒྲའེ་མེཀ་ལགས་ནས་སྤྱི་ཡོངས་མཐོང་ཞིང་། བྱེ་བྲག་ཏུ་འབབ་པ། ཞིབ་ཚགས་ཆེ་ལ། གསོན་ཉམས་ལྡན་པ།  འདས་དོན་གསལ་ལ་ད་ལྟ་སྣང་བའི་རྟོག་ཞིབ་དང་འབྲི་རྩོམ་གནང་བའི་མཇུག་སྡོམ་དུ་བོད་དང་བྱང་ཀོ་རེ་ཡའི་གནས་བབ་མཚུངས་བསྡུར་བྱ་རུང་གི་ཚད་དུ་གནས་པ་དང་། རྔ་བར་འབྱོར་འཕྲལ་འཛམ་གླིང་རང་བཞིན་གྱི་ཛ་དྲག་ས་ཁུལ(Baghdad,Sarajevo,and the Gaza Strip)བཅས་དྲན་གསོ་ཐེབས་ཚུལ་གྱི་བཤད་པ་དག་གིས། ང་ཚོར་བོད་ནང་གི་གནས་བབ་ངོས་འཛིན་དང་འབྲེལ་བའི་ཚོར་སྣང་སྣ་ཚོགས་ཀྱིས་སྙིང་ཁམས་ཡོམ་པར་བྱེད་པ་ཡིན། ང་ཚོར་རྒྱས་བཤད་དང་རིགས་འདེད་མ་ཡིན་པར་འཚོ་བ་དང་ཚོར་བའི་གཏིང་ནས་ཕུ་ནུའི་དཔའ་མཛངས་དང་བརྟུལ་ཕོད་མྱོང་དུ་འཇུག་པ་ཡིན།

དཔེ་དེབ་འདིས་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་དང་འབྲེལ་བའི་གླེང་ཕྱོགས་དང་ངོས་འཛིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཀྱི་རེ་བའི་གླེང་གཞི་ད་ལྟ་མགོ་བཙུགས་ཟིན་ཡོད་ཅིང་། བོད་ནང་གི་གནས་བབ་ཐད་རྒྱ་གཞུང་གི་ལོག་འགྲེལ་དང་འཁྱོག་སྒྱུར་ཆེ་ཞིང་།  ལྷག་པར་རང་ལུས་མེར་བསྲེགས་དང་འབྲེལ་བའི་གནས་ཚུལ་ཐད། ལས་འགུལ་དེའི་སྤྱི་ཡོངས་རྒྱབ་ལྗོངས་དང་། བློས་གཏོང་གནང་མཁན་གྱི་སྐྱེས་བུ་སྒེར་སོ་སོའི་གནས་བབ་ཐད་རྒྱ་ནག་གཞུང་ཕྱོགས་ནས་གཟུགས་མེད་གྲིབ་བཟོའི་གཡོ་འཕྲུལ་གྱི་བཤད་པ་སྣ་ཚོགས་འཁྱོག་པ་ཡོ་བསྲངས་དང་།  ལས་འགུལ་དེའི་འབྱུང་རྐྱེན་དང་འཕེལ་རིམ། ལྷག་པར་རྔ་བ་ས་ཁུལ་དུ་གནད་དོན་དེ་རྒྱུན་མར་བྱུང་བའི་རྒྱུ་རྐྱེན་ཐད། རང་རེའི་སྤྱི་ཚོགས་སུའང་ལྟ་སྣང་དང་བཤད་ཕྱོགས་མི་འདྲ་བ་བྱུང་དང་འབྱུང་བཞིན་པའི་རབ་རིབ་གསལ་དྭངས་ལ་ཕན་ངེས་ཀྱི་དྲི་ལན་ཞིག་རྙེད་པར་དཔེ་དེབ་འདིའི་ནུས་པ་ཆེན་པོ་ཐོན་ངེས་རེད།

རྒྱ་ཆེ་ས་ནས་བཤད་ན། དཔེ་དེབ་འདི་ནི་གབ་སྦས་དང་དམ་དྲག་འོག་གི་བདེན་དོན་དང་། དཀའ་སྡུག་དང་བློས་གཏོང་འོག་གི་འདུན་པ་ཡི་བྱུང་བ་ཞིག་ཡིན་པས་དེབ་ཐེར་འདི་ལ་ངེས་ངེས་ལོ་རྒྱུས་ཞེས་པའི་རིན་ཐང་དེ་ལྡན་ངེས་པ་དང་།   ཕྱོགས་གཞན་ཞིག་ནས་བདེན་པ་དམ་དྲག་གིས་མི་བསྒྲིབ་ཅིང་། འདུན་པ་དཀའ་སྡུག་གིས་མི་ཁོག་པའི་འགྲོ་བ་མིའི་བྱུང་རབས་ཁྲོད་ཀྱི་ཚེ་སྲོག་གི་ངར་ཤུགས་ཤིག་ཀྱང་དཔེ་དེབ་འདིའི་བསྟན་དོན་དུ་མངོན་ཡོད་པར་འདོད་དེ། གྲོང་མཐའ་དམག་གིས་བསྐོར་དུས། ། གྲོང་ཁྱི་རྔ་ལོ་ཡིན་ཡང་རྒྱུགས། ། ཞེས་པ་ཕྱི་ལོ ༢༠༠༨ ལོར་རྔ་བའི་རྨོ་མོ་དག་གིས་སྐུལ་སློང་འབོད་ཚིག་ཏུ་བསྒྲགས་ཤིང་།  ཉེ་ཆར་བྱུང་བའི་སློབ་གསོའི་སྲིད་བྱུས་ལ་རྒོལ་གཏམ་དུ། རྔ་བ་ས་ཁུལ་གྱི་གྲོང་མི་དཀྱུས་མ་ཞིག་གིས། ཤར་ཤར་ར་ཞིག་བཤད་མ་ཐུབ་ཀྱང་། །ཤུར་ཤུར་ར་ཞིག་ངུ་ཐུབ་དགོས། ། ཞེསརྒོལ་གཏམ་ཡོངས་གྲགས་སུ་བསྒྲགས་པ་ལྟ་བུ་རེད། ས་ཁུལ་དེའི་ཡུལ་མི་དཀྱུས་མ་ཚོར་མི་རབས་ནས་འཇགས་པའི་འདུ་ཤེས་དང་རང་གཤིས་དེ་འདྲ་ཞིག་ཡོད་པས། དཔེ་དེབ་འདིའི་ནང་གི་གཏམ་རྒྱུད་དམིགས་བསལ་དག་བྱུང་བ་ཡིན། འོ་ན་འདུ་ཤེས་དང་རང་གཤིས་དེ་དག་གང་ནས་བྱུང་བ་རེད། ཇི་ལྟར་གྲུབ་པ་རེད་ཅེ་ན། དྲི་བ་འདི་དག་གི་ལན་དུ་དཔེ་དེབ་འདི་བྱུང་འདུག་པས། ཁྱེད་ཀྱིས་དཔེ་དེབ་འདི་ཀློགས་རོགས། །

བསྐྱར་བཅོས།: ༢༠༢༠/༠༨/༠༣

Leave a Reply